ལིའུ་ཅན་ཁྲའོ་ཡིས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་བྱས་པར་མ་ཟད་ཞི་ཨར་པ་ཉི་ཡ་སི་གླེང་སྟེགས་སྐབས་བཅུ་བཞི་པར་ཞུགས།
2023.12.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 102

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་ཀྲུང་གུང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་བྱས་པར་མ་ཟད་ཞི་ཨར་པ་ཉི་ཡ་སི་གླེང་སྟེགས་སྐབས་བཅུ་བཞི་པར་ཞུགས། ལིའུ་ཅན་ཁྲའོ་སོགས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་དང་། ཙུང་ཐུང་གི་ཕྱི་འབྲེལ་བློ་འདོན་པ་ཅ་ཨར་ཅ་ཧྲི་སོགས་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་བལྟས་ན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུའུ་ཧན་མོ་ཏི་གཉིས་ཀྱི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཆུ་ཚད་མཐོན་པོས་འཕེལ་རྒྱས་གཏོང་དགོས་ན། འདུ་ཤེས་འཛིན་སྟངས་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། མི་དམངས་བར་གྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ། འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱས་ཏེ། ས་གནས་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཐད་སྔར་ལས་མང་བའི་བརྟན་འཇགས་རང་བཞིན་མཁོ་འདོན་བྱེད་དགོས་པར་འདོད། གླེང་སྟེགས་ལ་ཞུགས་སྐབས་སུ། ལིའུ་ཅན་ཁྲའོ་ཡིས་ཀྲུང་གོའི་མིག་སྔའི་རྒྱལ་སྤྱིའི་སྒྲིག་རིམ་འགྱུར་ལྡོག་སོགས་གནད་དོན་ཐད་ཀྱི་བསམ་ཚུལ་དང་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་གསལ་བཤད་བྱས།

                                                                                                       རིག་འཛིན་སྒྲོལ་མས་བསྒྱུར།