མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་ཉིན་ཁཱ་ཐར་དུ་ཏའོ་ཧཱ་གླེང་སྟེགས་ལ་ཞུགས་སྐབས་བཤད་རྒྱུར། ཞི་བའི་སྒོ་ནས་རྒྱལ་སྤྱིའི་རྩོད་གླེང་ཐག་གཅོད་བྱེད་པའི་སྟེགས་བུ་གཙོ་བོར་ས་ཁུལ་བར་གྱི་ཆབ་སྲིད་འགལ་བས་ཤུགས་རྐྱེན་ཐེབས་ཡོད་ཀྱང་། ཁོས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་བྱ་བ་བསྐྱུར་མི་སྲིད་ཟེར།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་སྐབས་ཉེར་གཅིག་པའི་ཏའོ་ཧཱ་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཁོས་ཡང་བསྐྱར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨ་མེ་རི་ཁས་ཚེས་བརྒྱད་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་ཆོད་འཆར་ཟིན་ཞིག་ཁས་ལེན་མ་བྱས་པ་དང་། རྒྱལ་ཁབ་མང་བོས་དོན་དེར་ཕངས་སེམས་ཆེ་བའི་ཚུལ་བསྟན།
ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཁཱ་ཐར་དང་ས་ཁུལ་དང་རྒྱལ་སྤྱིའི་མཉམ་ལས་གྲོགས་པོས་མུ་མཐུད་དུ་མཉམ་ལས་བྱས་ནས། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པ་དང་། ང་ཚོའི་བྱ་བ་མཚམས་བཞག་མྱོང་མེད་ཟེར།
ཏའོ་ཧཱ་གླེང་སྟེགས་དེ་སྤྱིར་བཏང་དུ་ལོ་རེར་ཐེངས་རེ་སྤེལ་བཞིན་ཡོད་ཅིང་། གཙོ་བོ་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ། འཛམ་གླིང་ཡོངས་ཀྱི་འགྲན་རྩོད་སོགས་གྲོས་གཞི་གཙོར་བཟུང་ཡོད། སྐབས་འདིའི་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དང་། ས་ཁུལ་བར་གྱི་ཆབ་སྲིད། ནུས་ཁུངས་བདེ་འཇགས། རྒྱུན་མཐུད་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།