ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་གཙོ་བོ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནད་དོན་དང་། ཁྱད་པར་དུ་ཅཱ་ཧྲ་ས་ཁུལ་གྱི་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།
བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་དང་ལེན་མི་བྱེད་པ་དང་དེར་རྒོལ་གཏམ་གཏོང་བའི་རྩ་དོན་ལངས་ཕྱོགས་བསྐྱར་སྒྲོག་བྱས། ཁོས་ད་རུང་ནན་གྱིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ལ་ཆམ་ཕབ་གཏོང་བའི་ཞོར་དུ་ངེས་པར་དུ་མི་སེར་དཀྱུས་མར་གནོད་པ་ཚབས་ཆེན་བཟོ་བར་སྔོན་འགོག་བྱེད་དགོས། ཨུ་རུ་སིའི་ཕྱོགས་ཀྱིས་རང་ནུས་ཅི་ཡོད་ཀྱིས་རོགས་སྐྱོར་སྣ་ཚོགས་འདོན་སྤྲོད་བྱས་ཏེ། མི་སེར་དཀྱུས་མའི་དཀའ་སྡུག་སེལ་བ་དང་འཁྲུག་རྩོད་གནས་བབ་ཞི་འཇགས་སུ་གཏོང་འདོད་ཡོད་ཟེར།
དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ཨུ་རུ་སིའི་སྤྱི་དམངས་དང་དེའི་ཁྱིམ་མི་ཕྱིར་འཐེན་བྱེད་པ་དང་། དེ་མིན་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་ཡོད་པའི་དབྱི་སི་རལ་གྱི་མི་ཕྱིར་གཏོང་བར་བརྩོན་ལེན་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་རྒྱུའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།