ཨ་ཀིན་ཐིན་གྱི་ཙུང་ཐུང་གསར་བ་མུས་ལའེ་ཡིས་ཚེས་བཅུ་ཉིན་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། དུས་ཡུན་ལོ་ངོ་བཞིའི་ཙུང་ཐུང་གི་འགན་ཡུན་དངོས་སུ་མགོ་བརྩམས། ཨ་ཀིན་ཐིན་གྱི་སྐབས་གསར་བའི་སྲིད་གཞུང་གིས་ཀྱང་ཉིན་དེར་དངོས་སུ་ལས་འགན་ཁུར།
ཉིན་དེར་མུས་ལའེ་ཡིས་ཨ་ཀིན་ཐིན་གྱི་རྒྱལ་ཚོགས་ནས་རྩ་ཁྲིམས་དམ་བཅའ་བཞག་པར་མ་ཟད། སྔོན་ཆད་ཀྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སིའི་ལག་ནས་དབང་ཆ་མཚོན་པའི་སྐ་རགས་དང་འཁར་ཤིང་བླངས། དེའི་རྗེས་སུ་གསར་དུ་བདམས་པའི་ཙུང་ཐུང་གཞོན་པ་པུས་ལེ་ཡཱ་ལུའུ་ཨེ་ཨར་གྱིས་རྩ་ཁྲིམས་དམ་བཅའ་བཞག དམ་བཅའ་འཇོག་པའི་མཛད་སྒོའི་རྗེས་སུ། མུས་ལའེ་ཡིས་གཏམ་བཤད་སྤེལ་ཏེ། ཧུར་ཐག་སྒོས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཉམས་རྒུད་མཇུག་སྒྲིལ་ནས་དར་རྒྱས་སླར་གསོ་བྱེད་རྒྱུའི་ཚུལ་བསྟན།
སྐབས་གསར་བའི་ཨ་ཀིན་ཐིན་སྲིད་གཞུང་ལ་བསྡོམས་པས་སྲིད་འཛིན་ལས་ཁུངས་ཀྱི་དབུ་བཞུགས་པུའུ་ཀྲང་གཅིག་དང་པུའུ་ཀྲང་དགུ་ཡོད། དེའི་ནང་པའོ་སེ་ཡིས་སྲིད་འཛིན་ལས་ཁུངས་ཀྱི་དབུ་བཞུགས་པུའུ་ཀྲང་གི་འགན་ཁུར་བ་དང་། ཁཱ་ཕུའུ་ཐའོ་དང་མིན་ཏིས་ནོའུ་གཉིས་ཀྱིས་སོ་སོར་དཔལ་འབྱོར་པུའུ་ཀྲང་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་ཡོད། ད་ལོའི་འདེམ་བསྐོའི་བྱ་འགུལ་ཆེན་མོར་ཞུགས་པའི་དབུས་གཡས་ཕྱོགས་ཀྱི་འདེམ་བསྐོའི་མནའ་འབྲེལ་ཤུགས་སྒྲིལ་བཅོས་བསྒྱུར་མནའ་འབྲེལ་གྱི་ཙུང་ཐུང་འདེམ་སྒུག་མི་སྣ་པུའུ་ལེ་ལི་ཆི་དང་ཙུང་ཐུང་གཞོན་པའི་འདེམ་སྒུག་མི་སྣ་ཕིས་ཏི་ལི་གཉིས་ཀྱིས་སོ་སོར་བདེ་འཇགས་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་ཡོད།
ཨ་ཀིན་ཐིན་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། གཡས་ཕྱོགས་འདེམ་བསྐོའི་མནའ་འབྲེལ་རང་དབང་མདུན་སྐྱོད་ཏང་གི་འདེམ་སྒུག་པ་མུས་ལའེ་ལ་ཉིན་དེར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་རྒྱལ་ཁ་ཐོབ་ནས། ཨ་ཀིན་ཐིན་གྱི་སྐབས་རྗེས་མའི་ཙུང་ཐུང་དུ་བདམས་ཐོན་བྱུང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།