ཝེ་ནེ་ཙུའེ་ལཱ་ཡིས་གྲོས་མོལ་ལ་བརྟེན་ནས་ཀུའེ་ཡཱ་ནཱའི་བར་གྱི་མངའ་ཁོངས་རྩོད་གླེང་ཐག་གཅོད་བྱེད་འདོད་ཡོད་པའི་ཚུལ་བསྟན།
2023.12.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས་དགུ་ཉིན་སྤྱི་སྒྲོག་སྤེལ་ཏེ། གྲོས་མོལ་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱ་དང་ཀུའེ་ཡཱ་ནཱ་རྒྱལ་ཁབ་གཉིས་བར་གྱི་མངའ་ཁོངས་རྩོད་གླེང་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཟེར།

ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧྲིན་ཝུན་སིན་ཐི་དང་ཀི་ལིན་ནཱ་ཏེན་སིའི་ཙུང་ལི་ཀང་སཱ་ཝེ་སི་ཡིས་ཚེས་དགུ་ཉིན་ཁྱབ་བསྒྲགས་བྱས་དོན། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པ་དང་ཅཱ་ལེ་པུས་ཐུན་མོང་ཚོགས་པ། པཱ་ཞི་བཅས་ཀྱི་བར་འདུམ་བྱས་འོག ཀུའེ་ཡཱ་ནཱའི་ཙུང་ཐུང་ཨ་ལི་དང་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་གཉིས་ཀྱིས་ཟླ་འདིའི་ཚེས་བཅུ་བཞི་ཉིན་ཧྲིན་ཝུན་སིན་ཐི་དང་ཀི་ལིན་ནཱ་ཏེན་སི་ནས་ཐུག་འཕྲད་བྱས་ཏེ་མངའ་ཁོངས་རྩོད་གླེང་གནད་དོན་ལ་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཨ་ལི་ཡིས་དྲ་ཚིགས་བརྒྱུད་དེ་མཱ་ཏུའུ་ལོ་དང་ཐུག་འཕྲད་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་ཁྲིམས་ཁང་གིས་དངོས་གཞིའི་ཁྲུན་གཅོད་ཁྱབ་བསྒྲགས་མ་བྱས་གོང་། ཐུག་འཕྲད་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་ཀྱི་མཐའ་མཚམས་གནད་དོན་ལ་གྲོས་བསྡུར་བྱེད་མི་སྲིད་ཀྱང་། ཀུའེ་ཡཱ་ནཱ་ཕྱོགས་ཀྱིས་ས་ཁུལ་གྱི་ཞི་བདེ་སྲུང་འཛིན་བྱེད་རྒྱུ་ཁས་ལེན་བྱས་པ་ཡིན་ཟེར། ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཡིས་སྤྱི་སྒྲོག་ནང་མཱ་ཏུའུ་ལོ་ཡིས་ཨ་ལི་ལ་ཐུག་འཕྲད་བྱེད་མིན་གསལ་བོར་བཤད་མེད་ཀྱང་། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པ་དང་ཅཱ་ལེ་པུས་ཐུན་མོང་ཚོགས་པས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐད་ཀར་གྲོས་མོལ་ལ་སྐུལ་འདེད་བཏང་བར་བཀའ་དྲིན་ཞུས།

ཉེ་སྔོན་ཝེ་ནེ་ཙུའེ་ལཱ་དང་ཀུའེ་ཡཱ་ནཱའི་བར་གྱི་རྡོ་སྣུམ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཨེ་སེ་ཁོས་པའོ་ས་ཁུལ་གྱི་རྩོད་གླེང་ཇེ་ཆེར་སོང་ནས། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་ཡོད། ལཱ་ཏེན་མེ་གླིང་གི་ས་ཁུལ་རྩ་འཛུགས་དང་རྒྱལ་ཁབ་མང་བོས་གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་རྩོད་གླེང་ཐག་གཅོད་བྱེད་དགོས་པའི་འདོད་བློ་བཅངས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།