ཧཱ་མཱ་སི་ཡིས་དབྱི་སི་རལ་གྱིས་གྲོས་མོལ་ལ་བརྟེན་ན་ད་གཟོད་བཀག་འཇུག་མི་སྣ་ཕྱིར་ལོན་ཐུབ་པའི་ཚུལ་བསྟན།
2023.12.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། གལ་ཏེ་དབྱི་སི་རལ་གྱིས་བཀག་འཇུག་བྱས་པའི་མི་སྣར་ཡང་བསྐྱར་རང་དབང་ཐོབ་ཏུ་འཇུག་འདོད་ན། ངེས་པར་དུ་གྲོས་མོལ་གྱི་ཐབས་ལ་བརྟེན་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་འགུལ་སྐྱོད་སྤེལ་བ་ལས་དམིགས་འབེན་གལ་ཆེན་གང་ཡང་མངོན་འགྱུར་བྱུང་མེད་ལ། གང་འདོད་དུ་གཏོར་བརླག་དང་དམར་གསོད་བཏང་བ་ཙམ་རེད། ཧཱ་མཱ་སི་ཡིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་སྲང་ལམ་སོ་སོ་ནས་དབྱི་སི་རལ་གྱི་དམག་དཔུང་བར་འཐབ་འཁྲུག་བྱེད་རྒྱུ་ཡིན་ཟེར།

གཞན་ཡང་ཕཱ་ལེ་སི་ཐན་སྨྱན་བྱད་ཀྱིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ཀྱི་དམིགས་འབེན་མང་བོར་འགས་གཏོར་དྲག་པོ་བཏང་བ་དང་། དབྱི་སི་རལ་གྱི་དམག་དཔུང་གི་ས་ངོས་དམག་དཔུང་དང་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་དང་ཏའེ་ཨར་པེད་ལཱ་ཧི་སོགས་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱས་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་མགྲིན་ཚབ་པས་ཚེས་བཅུ་ཉིན་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་རིང་ཕཱ་ལེ་སི་ཐན་གྱི་མི་སུམ་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བཅུ་ཉིན་གྱི་དགོང་མོར་འཐབ་འཁྲུག་གནས་ཚུལ་གྱི་སྤྱི་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་ཕྱོགས་ཀྱི་འཐབ་འཛིང་གནམ་གྲུས་གསང་འཕྲིན་སྡེ་ཁག་གི་རམ་འདེགས་འོག ཧཱ་མཱ་སིའི་ཧྲ་ཅཱ་ཡེ་སྟོང་ཤོག་གི་གསར་དུ་འགན་ཁུར་བའི་མཐོ་རིམ་བཀོད་འདོམ་དཔོན་པོ་ཁཱ་ལི་ཁཱ་བསད་ཡོད། ཁཱ་ལི་ཁཱའི་སྔོན་གྱི་བཀོད་འདོམ་དཔོན་པོ་ཧྥེ་ཨར་ཧཱ་ཐི་ཟླ་བཅུ་གཉིས་པའི་ཟླ་མགོར་དབྱི་སི་རལ་གྱི་དམག་དཔུང་གིས་བསད་ཡོད་ཟེར།

དབྱི་སི་རལ་གྱི་སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། སྐོར་ཐེངས་འདིའི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་བསྡོམས་པས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་ཁྲི་གཉིས་དང་སྟོང་གཉིས་ལ་འཇབ་རྒོལ་བྱས་པ་དང་། འཁྲུག་རྩོད་ལས་དབྱི་སི་རལ་གྱི་དམག་མི་བཞི་བརྒྱ་དང་ཉེར་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཉིན་དེར་དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དང་ལེ་པཱ་ནུན་དུ་ཡོད་པའི་ཧཱ་མཱ་སིའི་དྲག་ཆས་མི་སྣའི་མེ་ཤུགས་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། དབྱི་སི་རལ་གྱི་དམག་མི་དྲུག་ལ་རྨས་ཕོག དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་གྱི་དམིགས་འབེན་ལ་འཁོན་ལན་སློག་པའི་བར་སྣང་འཇབ་རྒོལ་དང་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་པ་ཡིན་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཟླ་བཅུ་བའི་ཚེས་བདུན་ཉིན་ནས་བཟུང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་ཁྲི་གཅིག་དང་སྟོང་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བཞི་དང་སྟོང་དགུ་ལྷག་ལ་རྨས་ཕོག གཞན་ཡང་མི་སྟོང་བདུན་དང་བདུན་བརྒྱ་དྲུག་ཅུ་གར་སོང་རྙེད་མེད། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལྟར་ན། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ས་ཡ་གཅིག་དང་འབུམ་དགུ་ཡུལ་འཁྱམས་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།