སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། སྒྲིག་ཆས་ལ་གཏོར་བརླག་བཟོས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ལྔའི་ཡས་མས་སུ། དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སའི་ཕྱོགས་ནས་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་དང་། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་འཕུར་མདའ་སྐོར་ཞིག་བཀག་ནས་སར་འཕངས་ཡོད་ཟེར། གསལ་སྒྲོག་ལས་བྱེ་བྲག་གི་འཇབ་རྒོལ་ཐེབས་སའི་ས་ཁུལ་གསལ་བོར་བཤད་མེད།
ཉིན་དེའི་ནམ་གུང་། ཏཱ་མཱ་ཧྲི་ཀི་གྲོང་ཁུལ་ནས་འགས་གཏོར་གྱི་སྒྲ་མང་དུ་ཐོས་ཐུབ།
སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཚུན་ལ། དབྱི་སི་རལ་གྱིས་སི་རི་ཡཱའི་མངའ་ཁོངས་སུ་འཇབ་རྒོལ་ཐེངས་རེ་གསུམ་བྱས་པ་དང་། དེའི་ནང་འཇབ་རྒོལ་ཐེངས་སུམ་ཅུ་ཟླ་བཅུ་བའི་ཚེས་བདུན་ཉིན་གྱི་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་རྗེས་སྤེལ་བ་རེད་ཟེར།
ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་མང་བོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། སི་རི་ཡཱ་དང་དབྱི་ལིང་སྲིད་གཞུང་གིས་སི་རི་ཡཱ་རུ་དབྱི་ལིང་གི་བཅའ་སྡོད་དམག་དཔུང་ཡོད་པ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།