ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཡོངས་ནས་མཚམས་མ་བཞག་གོང་དབྱི་སི་རལ་བར་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་མི་སྲིད་པའི་ཚུལ་བསྟན།
2023.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་ཧཱ་མུའུ་ཏན་གྱིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཡོངས་ནས་མཚམས་མ་བཞག་གོང་དབྱི་སི་རལ་བར་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་མི་སྲིད་ཟེར།

དབྱི་སི་རལ་གྱི་སྨྱན་བྱད་མང་བོས་ཉིན་དེར་བསྒྲགས་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱིས་ཁཱ་ཐར་དང་ཨེ་ཅིབ་སོགས་བར་འདུམ་ཕྱོགས་ཁག་ལ་བརྡ་བཏང་སྟེ། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་བཞག་ནས་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་འདོད་ཡོད་པའི་ཚུལ་བསྟན། ཧཱ་མུའུ་ཏན་གྱིས་དོན་དེའི་ཐད་ནས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ལ་བཙན་འཛུལ་བྱེད་པའི་འཐབ་འཁྲུག་མཚམས་མ་བཞག་གོང་དོན་དེར་གྲོས་བསྡུར་བྱེད་མི་སྲིད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཟླ་བཅུ་བའི་ཚེས་བདུན་ཉིན་ནས་བཟུང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཕཱ་ལེ་སི་ཐན་གྱི་མི་ཁྲི་གཅིག་དང་སྟོང་བརྒྱད་ཉིས་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བཞི་དང་སྟོང་དགུ་ལྷག་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།