ཙུང་ལི་མའོ་ལཱ་ཝེ་ཚི་ཅི་ཡིས་མགོ་ཁྲིད་པའི་ཕོ་ལན་སྲིད་གཞུང་གིས་ཚེས་བཅུ་གཅིག་ཉིན་ཕོ་ལན་གྲོས་ཁང་དམངས་གྲོས་ཁང་གིས་ཡིད་ཆེས་འདེམ་ཤོག་འཕངས་པར་ཚད་གཞིར་མེད་པ་དང་། དམངས་གྲོས་ཁང་གིས་དེའི་རྗེས་སུ་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མྱོང་བའི་སྔོན་ཆད་ཀྱི་ཙུང་ལི་ཐུའུ་སི་ཁི་ཙུང་ལིར་བསྐོ་འཇོག་བྱས་ནས་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་འགན་ཁུར་དུ་བཅུག
ཕོ་ལན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མའོ་ལཱ་ཝེ་ཚི་ཅི་ཡིས་ཉིན་དེར་དམངས་གྲོས་ཁང་ནས་སྲིད་སྐྱོང་གཏམ་བཤད་སྤེལ། དེའི་རྗེས་སུ་སྤེལ་བའི་ཡིད་ཆེས་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། ཁོས་མགོ་ཁྲིད་པའི་སྲིད་གཞུང་ལ་འདེམ་ཤོག་བརྒྱ་དང་དགུ་བཅུའི་རྒྱབ་སྐྱོར་ཐོབ་པ་དང་། ངོ་རྒོལ་བྱེད་པའི་འདེམ་ཤོག་ཉིས་བརྒྱ་དང་རེ་དྲུག་ཐོབ། ཕོ་ལན་གྱི་རྩ་ཁྲིམས་གཏན་འཁེལ་ལྟར་ན། མའོ་ལཱ་ཝེ་ཚི་ཅིའི་སྲིད་གཞུང་ལ་ཡིད་ཆེས་འདེམ་ཤོག་འཕངས་པར་ཚད་གཞིར་བསླེབས་མེད་པས། དམངས་གྲོས་ཁང་གིས་ཙུང་ལི་གསར་བ་འདེམ་བསྐོ་བྱས་ནས་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་དགོས་པ་རེད།
དམངས་གྲོས་ཁང་གིས་ཉིན་དེའི་དགོང་མོར་ཙུང་ལིའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་། ཐུའུ་སི་ཁི་ལ་འདེམ་ཤོག་ཉིས་བརྒྱ་དང་ཞེ་བརྒྱད་ཀྱི་རྒྱབ་སྐྱོར་ཐོབ་པ་དང་འདེམ་ཤོག་ཉིས་བརྒྱས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ཙུང་ལིར་བདམས་ཐོན་བྱུང་བ་ཡིན་ལ། ཚོད་དཔག་བྱས་ན་ཐུའུ་སི་ཁིའི་སྲིད་གཞུང་གིས་ཚེས་བཅུ་གསུམ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།