མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ཁང་གི་ཁོང་གོ་པུའུ་རུ་སྡོད་པའི་འཐུས་མི་མུའུ་པཱ་ཡེ་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་གླིང་ལ་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་དང་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།
ཉིན་དེར་ཁོང་གོ་པུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་ཡན་དང་མུའུ་པཱ་ཡེ་གཉིས་ཀྱིས་མཉམ་དུ་ཀྲུང་གོའི་སྲིད་གཞུང་གིས་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ལས་གཞིའི་ཡོངས་འགྲུབ་དཔང་ཡིག་བཀོད། མུའུ་པཱ་ཡེ་ཡིས་མིང་འགོད་པའི་མཛད་སྒོའི་རྗེས་སུ་སྨྱན་བྱད་ལ་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་དཀའ་ཁག་ལ་འཕྲད་དུས། ཀྲུང་གོས་ནམ་རྒྱུན་དུ་དུས་ལྟར་རོགས་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཨ་ཧྥེ་རི་ཁ་གླིང་ནས་སྤེལ་བའི་མཉམ་ལས་ལས་གཞི་མང་བོས་ཁོང་གོ་པུའུ་དང་བཅས་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ཨ་ཧྥེ་རི་ཁ་གླིང་གི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་དང་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ལིས་ཡན་གྱིས་མུའུ་པཱ་ཡེ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཀྲུང་གོའི་མགོ་ཁྲིད་པས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་མཐུན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་དང་བཅས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་ས་དེའི་དམངས་ཚིས་ལེགས་བཅོས་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པར། ཀྲུང་གོའི་སྲིད་གཞུང་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་འབྲུ་རིགས་རོགས་སྐྱོར་གྱི་གྲོས་མཐུན་བཀོད་དེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁོང་གོ་པུའུ་ཡི་མང་ཚོགས་ལ་རོགས་རམ་བྱེད་པའི་ཐད་བཀོལ། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བརྒྱད་པར། ལས་གཞི་དེ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། བསྡོམས་པས་མི་འབུམ་གཅིག་དང་ཁྲི་དྲུག་སྟོང་བརྒྱད་ཙམ་ལ་ཕན་པ་བྱུང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།