མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིས་སྟོང་ཉེར་བཞི་ལོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཆེད་དུ་མེ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་དྲུག་དུང་ཕྱུར་བཞིའི་ཞལ་འདེབས་འབུལ་རྒྱུའི་འབོད་སྐུལ་བཏང་།
2023.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅུ་གཅིག་ཉིན་ཉིས་སྟོང་ཉེར་བཞི་ལོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཆེད་དུ་མེ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་དྲུག་དུང་ཕྱུར་བཞིའི་ཞལ་འདེབས་འབུལ་རྒྱུའི་འབོད་སྐུལ་བཏང་བ་དང་། གཙོ་བོ་འཛམ་གླིང་ཡོངས་ཀྱི་གནོད་འཚེ་རང་བཞིན་གྱི་ལྟོགས་སྡུག་མྱོང་བ་དང་ཡུལ་འཁྱམས་བྱེད་པ། ནད་ཀྱིས་མནར་བའི་མང་ཚོགས་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཅིག་ཙམ་ལ་རོགས་རམ་བྱེད་རྒྱུའི་ཚུལ་བསྟན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ། བྲེལ་མྱུར་རྒུད་སྐྱོབ་མཐུན་སྦྱོར་བ་ཀི་ལི་ཧྥེ་སི་ཡིས་ཉིན་དེར་ཉིས་སྟོང་ཉེར་བཞི་ལོའི་འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་གནད་བསྡུས་སྤེལ་སྐབས་བཤད་རྒྱུར། མིག་སྔའི་བར་དུ་ད་ལོར་ཕུལ་བའི་ཞལ་འདེབས་མེ་སྒོར་ཐེར་ཆེན་གཉིས་ལ་བསླེབས་ཡོད་ཀྱང་། དེ་ནི་མཁོ་གལ་ཆེ་བའི་མ་དངུལ་གྱི་སུམ་ཆའི་གཅིག་ཙམ་ཡིན། གལ་ཏེ་ཉིས་སྟོང་ཉེར་བཞི་ལོར་རོགས་རམ་སྔར་ལས་མང་བོ་འདོན་སྤྲོད་བྱེད་མ་ཐུབ་ན། མི་རྣམས་ཀྱིས་དེའི་ཕྱིར་ཚེ་སྲོག་གི་རིན་དོད་གཏོང་དགོས་ཡོད་ཟེར།

ཀི་ལི་ཧྥེ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་བྱ་བ་བྱེད་མཁན་གྱིས་ལོ་རྗེས་མར་གཏན་འཁེལ་བྱས་པའི་དམིགས་འབེན་མཚམས་སྦྱོར་བྱེད་སྐབས་བཤད་རྒྱུར། འཛམགླིང་ཡོངས་ཀྱི་མི་དུང་ཕྱུར་གསུམ་ལ་རོགས་སྐྱོར་མཁོ་ཡང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་བས་དེའི་ཁྲོད་ཀྱི་ཆེས་མཁོ་གལ་ཆེ་བའི་མི་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཅིག་ཙམ་ལ་མ་གཏོགས་ཕན་ཐོགས་བསྐྲུན་ཐབས་མེད། ཉིས་སྟོང་ཉེར་གསུམ་ལོར་མཁོ་བའི་མེ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་བདུན་དང་བསྡུར་ན། ཉིས་སྟོང་ཉེར་བཞི་ལོར་བཏོན་པའི་ཞལ་འདེབས་བསྡུ་བའི་དམིགས་འབེན་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད་ཟེར། ཁོས་ལས་ཁུངས་སོ་སོས་དམིགས་སའི་རང་བཞིན་དང་ཆོད་ནུས་ཆེ་བའི་བྱ་བའི་བྱེད་ཐབས་སྤྱད་དེ་རོགས་སྐྱོར་དམིགས་འབེན་དེ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀི་ལི་ཧྥེ་སི་ཡིས་ནན་གྱིས་བསྟན་དོན། མ་དངུལ་དཀོན་པ་ལས་གཞན་མི་ཆོས་རིང་ལུགས་ཀྱི་བྱ་བ་བྱེད་མཁན་དང་ཁོ་ཚོས་རོགས་སྐྱོར་བྱེད་པའི་མང་ཚོགས་ཀྱི་བདེ་འཇགས་ཀྱང་གལ་འགངས་ཧ་ཅང་ཆེ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།