ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་ཀུའེ་ཡཱ་ནཱའི་ཙུང་ཐུང་དང་གྲོས་མོལ་བྱས་ཏེ་མངའ་ཁོངས་རྩོད་གླེང་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན།
2023.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་བཅུ་གཅིག་ཉིན་དངོས་སུ་ཁས་ལེན་བྱས་དོན། ཁོས་ཚེས་བཅུ་བཞི་ཉིན་ཧྲིན་ཝུན་སིན་ཐི་དང་ཀི་ལིན་ནཱ་ཏེན་སི་ནས་ཀུའེ་ཡཱ་ནཱའི་ཙུང་ཐུང་ཨ་ལི་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་རྩོད་གླེང་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

མཱ་ཏུའུ་ལོ་ཡིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བསྟན་དོན། ཐེངས་འདིའི་ཐུག་འཕྲད་ནི་གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་རྩོད་གླེང་ཐག་གཅོད་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་ཟེར། ཁོས་ཨ་མེ་རི་ཁའི་རྡོ་སྣུམ་ཁེ་ལས་གཙོ་བོ་ཨེ་ཁི་སིན་མཱེ་ཧྥུའུ་ཀུང་ཟི་དང་ཨ་མེ་རི་ཁའི་ལྷོ་ཕྱོགས་དམག་སྤྱི་ཁང་གིས་ཝེ་ནེ་ཙུའེ་ལཱ་དང་ཀུའེ་ཡཱ་ནཱའི་མངའ་ཁོངས་རྩོད་གླེང་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་།

ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧྲིན་ཝུན་སིན་ཐི་དང་ཀི་ལིན་ནཱ་ཏེན་སིའི་ཙུང་ལི་ཀང་སཱ་ཝེ་སི་ཡིས་ཚེས་དགུ་ཉིན་སོ་སོར་མཱ་ཏུའུ་ལོ་དང་ཨ་ལི་གཉིས་ལ་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་རྒྱལ་སྤྱིའི་བར་འདུམ་འོག མངའ་ཁོངས་རྩོད་གླེང་གནད་དོན་ཐད་ནས་ཐད་ཀར་གྲོས་མོལ་བྱེད་པར་གདན་ཞུ་བྱས།

ཨ་ལི་ཡིས་ཉེ་སྔོན་དྲ་ཚིགས་བརྒྱུད་དེ་མཱ་ཏུའུ་ལོ་དང་གྲོས་མོལ་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། རྒྱལ་སྤྱིའི་ཁྲིམས་ཁང་གིས་དངོས་གཞིའི་ཁྲུན་གཅོད་ཁྱབ་བསྒྲགས་མ་བྱས་གོང་། ཐུག་འཕྲད་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་མཐའ་མཚམས་གནད་དོན་ལ་གྲོས་བསྡུར་བྱེད་མི་སྲིད་པར་བཤད་ཀྱང་། ཀུའེ་ཡཱ་ནཱ་ཕྱོགས་ཀྱིས་ས་ཁུལ་གྱི་ཞི་བདེ་སྲུང་འཛིན་བྱེད་རྒྱུ་ཁས་ལེན་བྱས་ཡོད། ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཡིས་དེའི་སྔོན་མཱ་ཏུའུ་ལོ་ཡིས་ཨ་ལི་ལ་ཐུག་འཕྲད་བྱེད་མིན་གསལ་བོར་བསྟན་མེད་ཀྱང་། ལཱ་ཏེན་མེ་གླིང་རྒྱལ་ཁབ་ཐུན་མོང་ཚོགས་པ་སོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐད་ཀར་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་བྱས་པར་བཀའ་དྲིན་ཞུ་བའི་ཚུལ་བསྟན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།