མཱ་ལེ་ཞི་ཡཱའི་ཙུང་ལིའམ་ནོར་སྲིད་བློན་ཆེན་ཨན་ཝ་ཨར་གྱིས་ཚེས་བཅུ་གཉིས་ཉིན་སྲིད་འཛིན་ལས་ཁུངས་བཅོས་སྒྲིག་བྱེད་རྒྱུ་ཁྱབ་བསྒྲགས་བྱས། དེ་ནི་མཱ་ལེ་ཞི་ཡཱའི་མཐུན་སྒྲིལ་སྲིད་གཞུང་གིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པར་སྲིད་བཟུང་བའི་རྗེས་སུ། ཐོག་དང་པོར་སྲིད་འཛིན་ལས་ཁུངས་ལ་བཅོས་སྒྲིག་བྱས་པ་རེད།
ཨན་ཝ་ཨར་གྱིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། སྲིད་གཞུང་སྡེ་ཁག་མང་བོའི་པུའུ་ཀྲང་དང་པུའུ་ཀྲང་གཞོན་པར་འགྱུར་ལྡོག་བྱུང་ཡོད། དེའི་ནང་སྔོན་ཆད་ཀྱི་རྒྱལ་སྲུང་པུའུ་ཀྲང་ཧཱ་སིང་གིས་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་པ་དང་། སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ཙན་པུས་ལི་ཡིས་མཐོ་རིམ་སློབ་གསོའི་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་ལ། སྔོན་ཆད་ཀྱི་མཐོ་རིམ་སློབ་གསོའི་པུའུ་ཀྲང་ནོའུ་ཨར་ཏེན་གྱིས་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་ཟེར།
ཨན་ཝ་ཨར་གྱིས་ད་རུང་སྲིད་གཞུང་གི་སྡེ་ཁག་གཉིས་བསྐྱར་འཛུགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས། སྔོན་ཆད་ཀྱི་འཕྲིན་གཏོང་དང་གཞི་གྲངས་པུའུ་དེ་འཕྲིན་གཏོང་པུའུ་དང་གཞི་གྲངས་པུའུ་ལ་སོ་སོར་དགར་རྒྱུ་ཡིན་པ་དང་། སྔོན་ཆད་ཀྱི་རང་བྱུང་ཐོན་ཁུངས་དང་ཁོར་ཡུག ནམ་ཟླའི་འགྱུར་ལྡོག་པུའུ་དེ་ནུས་ཁུངས་སྤོར་བསྒྱུར་དང་སྤྱི་སྤྱོད་ལས་དོན་པུའུ་དང་། རང་བྱུང་ཐོན་ཁུངས་དང་རྒྱུན་མཐུད་འཕེལ་རྒྱས་པུའུ་ལ་སོ་སོར་དགར་རྒྱུ་ཡིན་ཟེར།
ཨན་ཝ་ཨར་གྱིས་བཤད་རྒྱུར། ཐེངས་འདིའི་སྲིད་འཛིན་ལས་ཁུངས་ཀྱི་བཅོས་སྒྲིག་ནི་གནས་བབ་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས་ཐད་ཀྱི་འགྲན་རྩོད་ཐག་གཅོད་བྱེད་ཆེད་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།