ཕཱ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་ཉེར་བདུན་བསད།
2023.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཚེས་བཅུ་གཅིག་ཉིན་གྱི་ནམ་གུང་ནས་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པའི་བར། ཕཱ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་ཉེར་བདུན་བསད་པ་དང་། དམག་མི་གཉིས་ལ་གཙང་ཕྱགས་འགུལ་སྐྱོད་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་ཉེར་གསུམ་འཇིགས་སྐུལ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། དམག་ཕྱོགས་ཀྱིས་གསང་འཕྲིན་ཁུངས་སྣེ་གཞིར་བཟུང་སྟེ། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཏི་ལཱ་དབྱེ་སི་མཱེ་ཨར་ཧན་ས་ཁུལ་གྱི་གནས་གཉིས་ནས་འཇིགས་སྐུལ་ངོ་རྒོལ་གྱི་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་འཇིགས་སྐུལ་ཉེས་ཅན་ཉེར་གཅིག་བསད་པ་དང་། འཇིགས་སྐུལ་ཉེས་ཅན་གྱི་སྦས་སྐོང་བྱེད་སར་གཏོར་བཤིག་བཏང་ནས། མཚོན་ཆ་མང་བོ་གཞུང་བཞེས་བྱས། འགུལ་སྐྱོད་དེའི་ཁྲོད་དམག་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གཞན་ཡང་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་གིས་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར་ས་ཁུལ་དེའི་ཏི་ལཱ་པིན་ཡུལ་ཚོའི་བདེ་འཇགས་དམག་དཔུང་གི་སོ་ལྟ་ཁང་ཞིག་ལ་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་སྤེལ་བ་དང་། འགས་གཏོར་ལས་སོ་ལྟ་ཁང་གི་ཁང་བར་རྡིབས་སྐྱོན་བྱུང་ནས་དམག་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར། ཕྱིར་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད། འཇིགས་སྐུལ་ཉེས་ཅན་དྲུག་བསད་པ་དང་། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཡུལ་དེར་མུ་མཐུལད་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ་བཞིན་ཡོད།

ཕཱ་ཁི་སི་ཐན་འཐབ་མཆོག་ལས་འགུལ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཤིག་གིས་ཐེངས་འདིའི་བདེ་འཇགས་དམག་དཔུང་གི་སོ་ལྟ་ཁང་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁྱབ་བསྒྲགས་བྱས་ཀྱང་། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་གསལ་སྒྲོག་ལས་དོན་དེ་བདེན་དཔང་བྱས་མེད།

ཕཱ་ཁི་སི་ཐན་གྱི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཁཱ་ཁཱ་ཨར་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་བདེ་འཇགས་དམག་དཔུང་གི་སོ་ལྟ་ཁང་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།