ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་འཕུར་མདའ་བཀོལ་ནས་ནོར་ཝེའི་རྒྱལ་དར་བཏེགས་པའི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས།
2023.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། རྩ་འཛུགས་དེས་ཚེས་བཅུ་གཅིག་ཉིན་ནོར་ཝེའི་རྒྱལ་དར་བཏེགས་པའི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་འཕུར་མདའི་འཇབ་རྒོལ་བྱས་པ་དང་། སྣུམ་འདྲུད་གྲུ་གཟིངས་དེས་དབྱི་སི་རལ་དུ་སྐྱེལ་འདྲེན་བྱེད་པའི་རྡོ་སྣུམ་དྲུད་ཡོད་ཟེར།

ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། སི་ཐི་ལིན་ཏཱ་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་དེས་དབྱི་སི་རལ་དུ་སྐྱེལ་འདྲེན་བྱེད་པའི་རྡོ་སྣུམ་དྲུད་ཡོད། གྲུ་བས་ཧུའུ་སེ་དྲག་ཆས་པའི་ཉེན་བརྡ་དང་ལེན་མ་བྱས་པས། རྩ་འཛུགས་དེས་གྲུ་གཟིངས་དེར་འཕུར་མདའ་འགའ་གཏོང་འཕེན་བྱས་པ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྩ་འཛུགས་དེའི་འདས་པའི་ཉིན་གཉིས་ཀྱི་ནང་ཐབས་བཀོད་འཐེན་ནས་དབྱི་སི་རལ་ལ་འབྲེལ་བ་ཡོད་པའི་གྲུ་གཟིངས་འགའ་མཚོ་དམར་བརྒྱུད་དེ་བགྲོད་པར་བཀག་འགོག་བྱས་ཡོད། རྩ་འཛུགས་དེའི་ཉེན་བརྡ་སྣང་མེད་དུ་བསྐྱུར་བའི་གྲུ་གཟིངས་ལ་ཧུའུ་སེ་དྲག་ཆས་པས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕར་རྒོལ་བྱེད་ངེས་ཡིན་ཟེར།

དེ་ལས་གཞན་ཨ་མེ་རི་ཁའི་དམག་དཔུང་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས་བཅུ་གཉིས་ཉིན་སྨྱན་བྱད་བརྒྱུད་ནས་བསྟན་དོན། ནོར་ཝེའི་རྒྱལ་དར་བཏེགས་པའི་སྣུམ་འདྲུད་གྲུ་གཟིངས་དེ་མན་ཏི་མཚོ་འགག་བརྒྱུད་སྐབས་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་ནས་གཏོང་འཕེན་བྱས་པའི་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། གྲུ་གཟིངས་ལ་མེ་སྐྱོན་བྱུང་ཡོད་ཀྱང་མི་སྣར་ཤི་རྨས་བྱུང་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།