ལི་པི་ཡཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཚོད་འཛིན་དོ་དམ་སྡེ་ཁག་གིས་ཚེས་བཅུ་གཉིས་ཉིན་ཁྲིམས་འགལ་གནས་སྤོར་སྡོད་དམངས་དགུ་བརྒྱ་དང་རེ་གསུམ་ཕྱིར་རང་རང་གི་རྒྱལ་ཁབ་ཏུ་བསྐྱལ་བ་རེད།
ལི་པི་ཡཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཚོད་འཛིན་དོ་དམ་སྡེ་ཁག་གི་འགན་ཁུར་པ་ཞིག་གིས་ཚེས་བཅུ་གཉིས་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉིན་དེར་ཕྱིར་བསྐྱལ་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དགུ་བརྒྱ་དང་རེ་གསུམ་པོ་ནི་སོ་སོར་ཨེ་ཅིབ་དང་ནེ་ཀྲི་རི་ཡཱ་ནས་ཡོང་བ་ཡིན་ལ། ཨེ་ཅིབ་ནས་ཡོང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་སྐམ་ས་བརྒྱུད་དེ་ཕྱིར་བསྐྱལ་བ་དང་། ནེ་ཀྲི་རི་ཡཱ་ནས་ཡོང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་གནམ་གྲུ་བཀོལ་ནས་ཕྱིར་བསྐྱལ་བ་ཡིན་ཟེར།
ཉིས་སྟོང་བཅུ་གཅིག་ལོའི་ཚུན་ལ། ལི་པི་ཡཱའི་ཆབ་སྲིད་གནས་བབ་ཟང་ཟིང་དུ་གྱུར་པ་དང་། ཁྲིམས་འགལ་གནས་སྤོར་སྡོད་དམངས་མང་བོ་ལི་པི་ཡཱ་བརྒྱུད་དེ། གྲུ་གཟིངས་ལ་བསྡད་དེ་ས་དཀྱིལ་མཚོ་ཁོངས་ནས་ཡོ་རོབ་གླིང་དུ་བགྲོད་བཞིན་ཡོད། རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོར། ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁྲི་གཅིག་དང་སྟོང་ལྔ་ལྷག་ཡོ་རོབ་གླིང་དུ་འགྲོ་བའི་ལམ་བར་ནས་བཀག་པ་དང་ཕྱིར་ལི་པི་ཡཱ་རུ་ལོག་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།