ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ།
ཚོགས་ཆེན་ནས་འདེམ་ཤོག་འཕེན་པའི་རྣམ་པ།
མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་བཅུ་གཉིས་ཉིན་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་བརྒྱ་དང་ང་གསུམ་གྱིས་རྒྱབ་སྐྱོར་བྱས་པ་དང་རྒྱལ་ཁབ་བཅུ་ཡིས་ངོ་རྒོལ་བྱེད་ལ། རྒྱལ་ཁབ་ཉེར་གསུམ་གྱིས་དབང་ཆ་བསྐྱུར་བའི་འདེམ་ཤོག་འཕངས་པའི་མཇུག་འབྲས་ཀྱིས་གྲོས་ཆོད་ཅིག་ལ་གྲོས་མཐུན་བཀོད་དེ། ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།
གྲོས་ཆོད་ལས་ཅཱ་ཧྲ་ས་ཁུལ་གྱི་གནོད་འཚེ་རང་བཞིན་གྱི་མི་ཆོས་རིང་ལུགས་གནས་བབ་དང་ཕཱ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མི་དམངས་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས། གྲོས་ཆོད་ལས་ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དང་། མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་བྱས་པའི་མི་ཚང་མ་ཕྱིར་གཏོང་དགོས་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྒྱུ་ལམ་བཀག་མེད་ཡོང་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
དེ་ལས་གཞན་གྲོས་ཆོད་ལས་ད་རུང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྐོར་གྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ཐེངས་བཅུ་བ་གནས་སྐབས་སུ་མཚམས་འཇོག་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཡིས་ཁོངས་གཏོགས་རྒྱལ་ཁབ་དག་གི་རེ་བ་ལྟར་གྲོས་ཚོགས་སླར་གསོ་བྱས་ཆོག་པའི་དབང་ཆ་སྩོལ་རྒྱུ་ཐག་བཅ།
ཐེངས་འདིའི་གྲོས་ཚོགས་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྐོར་གྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ཐེངས་བཅུ་བ་སླར་གསོ་བྱས་པའི་རྗེས་མཐུད་གྲོས་ཚོགས་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ནས་ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན་གྲོས་ཆོད་བཀོད་དེ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་ཕྱོགས་ཁག་གིས་མྱུར་མོར་ཡུན་རིང་རྒྱུན་མཐུད་ཀྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་ལག་བསྟར་བྱས་ཏེ། དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།