ཡོ་རོབ་གླིང་མནའ་འབྲེལ་གྱིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་རེ་བ་བཏོན།
2023.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཡོ་རོབ་གླིང་མནའ་འབྲེལ་དང་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་གསུམ་ཉིན་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་བསྡུས། ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་པུའུ་ལུའུ་སེར་བསྒྲགས་གཏམ་ཁྲོད་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་གིས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་གཏམ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་མངོན་གསལ་གྱི་དམ་བཅའ་བསྐྱར་སྒྲོག་བྱས་པ་དང་། རྒྱལ་ཁབ་དེ་དག་གིས་མུ་མཐུད་དུ་ཁྲིམས་སྐྱོང་དང་ཁྲིམས་འཛིན་སྒེར་ཚུགས་སོགས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་བའི་རྨང་གཞིའི་སྟེང་། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། བསྒྲགས་གཏམ་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བར་འབད་འབུངས་བྱེད་བཞིན་ཡོད། དེའི་ནང་དུས་བཅད་ལྟར་ཡོ་རོབ་གླིང་མནའ་འབྲེལ་དང་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་བསྡུ་བ་དང་། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་བྱ་འགུལ་ནང་ཞུགས་པར་གདན་ཞུ་བྱེད་པ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བྱེད་པ་སོགས་འདུས།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཉིན་དེར་མཐོ་རིམ་གྲོས་ཚོགས་མ་བསྡུས་གོང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་རིམ་བཞིན་གཞི་གཅིག་ཅན་དུ་གཏོང་བའི་བྱེད་ཐབས་ལ་བརྟེན་ནས། སྔར་ལས་མང་བའི་དངུལ་གཏོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲེལ་འདྲིས་བྱེད་པའི་ཤུགས་རྐྱེན་བཟང་བོ་ཚོར་དུ་འཇུག་དགོས་ཟེར།

ད་ལོའི་ཟླ་བཅུ་གཅིག་པའི་ཟླ་མགོར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ལ་རྒྱབ་སྐྱོར་བྱེད་པའི་འཕར་སྣོན་འཆར་གཞི་གསར་བ་ཞིག་བཏོན་པ་དང་། དེའི་ནང་ཡོ་སྒོར་ཐེར་འབུམ་དྲུག་བཏང་ནས་ས་ཁུལ་དེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་མཉམ་འདྲེས་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་སོགས་འདུས།


བསོད་ནམས་ཚེ་རིང་གིས་བསྒྱུར།