མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་པའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་ཀྱིས་ཚེས་བཅུ་གསུམ་ཉིན་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་པའི་གླེང་སྟེགས་སྟེང་བསྟན་དོན། སྐབས་འདིའི་གླེང་སྟེགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་ཡུལ་གྱར་པར་དགོས་ངེས་ཀྱི་དོ་སྣང་དང་རྒྱབ་སྐྱོར་ཐོབ་པར་འགན་སྲུང་བྱེད་པའི་རེ་བ་ཡོད་ཟེར།
ཚོགས་ཡུན་ཉིན་གསུམ་ཡིན་པའི་སྐབས་གཉིས་པའི་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་པའི་གླེང་སྟེགས་ཚེས་བཅུ་གསུམ་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཚོགས་མགོ་བརྩམས། ཀི་ལན་ཏིས་ཀྱིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། སྐབས་འདིའི་གླེང་སྟེགས་ནི་འཛམ་གླིང་ཧྲིལ་བོ་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་བ་དང་དབུལ་ཕོངས་དང་ནམ་ཟླའི་འགྱུར་ལྡོག་སོགས་འགྲན་རྩོད་མང་བོར་འཕྲད་པའི་གནས་ཚུལ་འོག་བསྡུས་པ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུལ་འཁྱམས་མཁན་དང་ཡུལ་གྱར་པའི་གནད་དོན་བྱུང་བའི་གཞི་རྩའི་རྒྱུ་རྐྱེན་ལ་དོ་སྣང་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། འཛམ་གླིང་སྟེང་གི་ཉམས་ཉེན་མང་ཆེ་བ་ཡུན་རིང་དུ་གནས་དོན་ནི་འཁྲུག་རྩོད་ཕྱོགས་ཁག་སོ་སོ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་དག་ལ་ཆབ་སྲིད་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཇུས་གཞི་མེད་པས་རེད་ཟེར།
ཀི་ལན་ཏིས་ཀྱིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་ཆགས་འཇིག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཚོད་དཔག་བྱས་ན་འཁྲུག་རྩོད་ལས་སྔར་ལས་མང་བའི་མི་སེར་དཀྱུས་མར་ཤི་རྨས་ཐེབས་པ་དང་མི་སྔར་ལས་མང་བོ་ཡུལ་འཁྱམས་བྱེད་དུ་འཇུག་སྲིད། སྐབས་འདིའི་གླེང་སྟེགས་མགོ་རྩོམ་པའི་སྐབས་སུ། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འབོད་སྐུལ་ཏེ། མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་རྒྱུན་མཐུད་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དང་། བཀག་འཇུག་མི་སྣ་ཕྱིར་བཏང་ནས་གྲོས་མོལ་སླར་གསོ་བྱེད་པ་དང་། འཁྲུག་རྩོད་ཡོངས་སུ་མཇུག་སྒྲིལ་དུ་བཅུག་ནས། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་ངེས་པ་དོན་གྱི་ཞི་བདེ་དང་བདེ་འཇགས་བསྐྲུན་དགོས་ཞེས་པ་དེ་བསྐྱར་སྒྲོག་བྱས།
ཀི་ལན་ཏིས་ཀྱིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་དང་སི་རི་ཡཱ། ཨ་ཧྥུའུ་ཧན་སོགས་ས་ཁུལ་གཞན་པའི་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་དང་ཡུལ་གྱར་པའི་ཉམས་ཉེན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་གཞི་གྲངས་ལྟར་ན། མིག་སྔར་འཛམ་གླིང་ཡོངས་སུ་བསྡོམས་པས་མི་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བཞི་ཡུལ་འཁྱམས་བྱེད་བཞིན་ཡོད་ལ། དེའི་ནང་ཡུལ་གྱར་པ་བྱེ་བ་གསུམ་དང་ས་ཡ་དྲུག་ཙམ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།