མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཅཱ་ཧྲའི་བཀག་སྡོམ་མཇུག་སྒྲིལ་ནས་རོགས་སྐྱོར་འདང་ཚིམས་པ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.12.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་པའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡི་སྤྱི་ཁྱབ་ལས་འཛིན་པ་ལཱ་ཀྲ་ལི་ནེ་ཡིས་ཚེས་བཅུ་གསུམ་ཉིན་སྐབས་གཉིས་པའི་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་པའི་གླེང་སྟེགས་སྟེང་བསྟན་དོན། ཅཱ་ཧྲའི་མི་དམངས་དག་ལོ་ངོ་བཅུ་ཕྲག་ལྷག་རིང་གི་ཆེས་དཀའ་སྡུག་ཆེ་བའི་དུས་སྐབས་ལ་འཕྲད་ཡོད་པས། ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མཇུག་སྒྲིལ་ནས་ས་དེའི་མི་དམངས་ལ་རོགས་སྐྱོར་འདང་ཚིམས་པ་འདོན་སྤྲོད་བྱེད་པར་སྟབས་བདེ་བཟོ་དགོས་ཟེར།

ཚོགས་ཡུན་ཉིན་གསུམ་ཡིན་པའི་སྐབས་གཉིས་པའི་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་པའི་གླེང་སྟེགས་ཉིན་དེར་རི་ནེ་ཝ་ནས་སྤེལ་མགོ་བརྩམས། ལཱ་ཀྲ་ལི་ནེ་ཡིས་གླེང་སྟེགས་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཁོས་ཉེ་སྔོན་ཅཱ་ཧྲ་ས་ཁུལ་དུ་འཚམས་འདྲི་བྱེད་སྐབས། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ལས་རྩོད་གླེང་བྱུང་བ་མཐོང་བ་དང་། ལྟོགས་སྡུག་མྱོང་བའི་མི་རྣམས་ཀྱིས་འཛེམ་དོགས་ཅི་ཡང་མེད་པར་དངོས་སྐྱེལ་རླངས་འཁོར་ལས་ཟས་རིགས་ལེན་བཞིན་ཡོད་ལ། དེ་ནི་མི་ཡུལ་གྱི་དམྱལ་ཁམས་ལྟ་བུ་ཞིག་རེད་ཟེར།

ལཱ་ཀྲ་ལི་ནེ་ཡིས་བཤད་རྒྱུར། མིག་སྔར་ཅཱ་ཧྲའི་སྡོད་དམངས་མང་བོ་ཡུལ་འཁྱམས་བྱེད་བཞིན་ཡོད་ཅིང་། སྔོན་ཆད་མི་གྲངས་འབུམ་གཉིས་ལྷག་ཡོད་པའི་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་མིག་སྔར་མི་ས་ཡ་གཅིག་ལྷག་མཉམ་དུ་འདུས་ནས། རས་གུར་གྱི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་པའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡིས་སྒྲུབ་པའི་སློབ་གྲྭ་སོགས་སུ་ཡུལ་འཁྱམས་མི་སྣ་མང་བོ་བསྡད་ཡོད་ལ། ལས་བྱེད་མི་སྣས་འདོན་སྤྲོད་བྱས་པའི་རོགས་སྐྱོར་ཅང་མ་འགོར་བར་འཛད་སྲིད་ཟེར།

ལཱ་ཀྲ་ལི་ནེ་ཡིས་བསྟན་དོན། ཅཱ་ཧྲའི་མི་དམངས་ལོ་ངོ་བཅུ་ཕྲག་ལྷག་རིང་གི་ཆེས་དཀའ་སྡུག་ཆེ་བའི་དུས་སྐབས་ལ་འཕྲད་ཡོད། བར་མཚམས་མེད་པའི་འགས་གཏོར་གྱི་མདུན་ནས་མི་རྣམས་ཀྱི་དུས་ཚོད་དང་གདམ་གསེས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཟེར། ཁོས་མྱུར་མོར་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཤིང་། ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མཇུག་སྒྲིལ་ནས། ས་དེའི་མི་དམངས་ལ་འདང་ཚིམས་པའི་རོགས་སྐྱོར་འདོན་སྤྲོད་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།