ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་གནས་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། ལཱ་ཧྥ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོ་ནས་བཟུང་ཅཱ་ཧྲ་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་དུའང་བར་སྣང་འཇབ་རྒོལ་བྱས། ཅཱ་ཧྲའི་བྱང་ངོས་ཀྱི་ཅེ་པཱ་ལེ་ཡེ་ཡུལ་གྱར་བའི་སྒར་ས་སོགས་ལ་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་པ་དང་། ཤི་རྨས་ཐེབས་པའི་གནས་ཚུལ་གསལ་བོར་མི་ཤེས་ཟེར།
གཞན་ཡང་ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་བཞི་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་གཉིས་ཉིན་ནས་བཟུང་བསྟུད་མར་ཉིན་གསུམ་ལ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་། མིག་སྔར་ཕཱ་ལེ་སི་ཐན་གྱི་མི་བཅུ་གཅིག་དབྱི་སི་རལ་གྱི་དམག་དཔུང་གིས་བསད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།