ཕཱ་ལེ་སི་ཐན་གྱི་སྨྱན་བྱད་ཀྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་ཉིན་དེའི་དགོང་མོར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་ནས་ཕྱིར་འཐེན་བྱས་པ་དང་། དུས་ཡུན་ཉིན་གསུམ་གྱི་དམག་དོན་འགུལ་སྐྱོད་མཇུག་བསྒྲིལ་བ་རེད་ཟེར།
ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅེ་ཉིང་གྲོང་ཁྱེར་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་བསྡོམས་པས་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་བཅུ་གཉིས་བསད་ཡོད་ཟེར།
ས་དེའི་གནས་ཚུལ་ཤེས་མཁན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་དམག་དོན་འགུལ་སྐྱོད་སྤེལ་སྐབས་ས་དེའི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། ས་དེའི་སྡོད་དམངས་དག་བསྟུད་མར་རང་ཁྱིམ་དུ་ལོག་བཞིན་ཡོད་ཟེར།
གཞན་ཡང་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅེ་ཉིང་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ཁྲོད་འཛིན་བཟུང་བཀའ་རྒྱ་བཏང་བའི་མི་སྣ་དྲུག་ཅུ་ཙམ་འཛིན་བཟུང་བྱས་པ་དང་། ཐེངས་འདིའི་འགུལ་སྐྱོད་སྐབས། དབྱི་སི་རལ་གྱི་དམག་དཔུང་དང་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། ཉུང་མཐར་ཡང་དབྱི་སི་རལ་གྱི་དམག་མི་ལྔར་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།