ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཚེས་བཅུ་བཞི་ཉིན་དྲ་ཚིགས་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་རྒྱལ་ཁབ་གཉིས་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་གྲོས་མོལ་མགོ་རྩོམ་རྒྱུ་ཐག་བཅད་ཡོད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཉིན་དེར་པུའུ་ལུའུ་སེར་ནས་བསྡུས། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧང་ག་རིའི་ཙུང་ལི་ཨིག་ཨར་པན་ཉིན་དེའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་མེད་པས། ཆོད་དོན་དེར་གྲོས་འཆམ་བྱུང་བ་རེད་ཟེར། ཨིག་ཨར་པན་གྱིས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་མ་བསྡུས་གོང་བསྟན་དོན། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་བྱེད་པར་དུས་ཚོད་སྔ་དྲགས་ཟེར།
དེ་ལས་གཞན་མུས་ཞེ་ཨར་གྱིས་ད་རུང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀི་ལུའུ་ཅི་ཡཱ་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཀྱི་གོ་གནས་སྟེར་རྒྱུ་ཐག་བཅད་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་དགོས་ངེས་ཀྱི་ཚད་གཞིར་སླེབས་རྗེས་པའོ་ཧེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དང་མཉམ་དུ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅུ་བཞི་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་རྒྱུ་ཐག་བཅད་པར་བཀའ་དྲིན་ཞུས།
ཝུའུ་ཁི་ལན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་སྤྲད་པ་དང་། མའོ་ཨར་ཏའོ་ཝ་ཡིས་ཀྱང་ལོ་དེའི་ཟླ་གསུམ་པར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་སྤྲད་པ་རེད། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པར། རྒྱལ་ཁབ་དེ་གཉིས་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཏུ་གྱུར་པ་ཡིན་ལ། ད་ལོའི་ཟླ་བཅུ་གཅིག་པར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་རྒྱལ་ཁབ་གཉིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་རྒྱུའི་གྲོས་གཞི་བཏོན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།