ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བཞི་ཉིན་མའོ་སི་ཁོ་ནས་བསྡུས་པའི་ལོ་ཧྲིལ་བོའི་རྩིས་བཤེར་བྱ་འགུལ་སྟེང་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་མཉམ་ལས་དེ་སྔར་མེད་ཀྱི་མཐོ་ཚད་དུ་སླེབས་ཡོད་ལ། ཁོས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ལ་དགའ་མགུ་ཡི་རངས་བྱེད་བཞིན་ཡོད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། མིག་སྔར་ཨུ་རུ་སི་དང་ཀྲུང་གོས་ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མཉམ་དུ་གཏན་འཁེལ་བྱས་པའི་དམིགས་འབེན་དངོས་འབེབས་བྱེད་བཞིན་ཡོད་ལ། བྱ་བ་ཚང་མ་གོ་རིམ་ལྡན་པར་སྤེལ་བཞིན་ཡོད་ཟེར།
ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོས་དམག་དོན་དང་དཔལ་འབྱོར། མི་ཆོས་རིང་ལུགས་བཅས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་བྱས་ཡོད་ཀྱང་། སྡེ་ཚོགས་གང་རུང་འཛུགས་མི་སྲིད་ལ། རྒྱལ་ཁབ་གཞན་པར་ཡང་དམིགས་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།