འཛམ་གླིང་གཙོ་འཛིན་མནའ་འབྲེལ་མཱ་ཏི་ལི་སྤྲོ་སྐྱིད་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལའེ་ནཱ་ཡིས་ཉེ་སྔོན་སི་ཕན་གྱི་མཱ་ཏི་ལི་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཡོ་རོབ་གླིང་དང་ཀྲུང་གོས་ཕན་ཚུན་བརྩི་འཇོག་བྱས་ཤིང་། མི་མཐུན་པ་སོར་འཇོག་དང་མཐུན་པ་ཡོང་ཐབས་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར།
ཨེ་ལའེ་ནཱ་ཅང་མ་འགོར་བའི་སྔོན་ཀོང་ཀྲོའུ་ནས་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོའི་ཚོང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་པ་དང་། ཁོ་མོས་བཤད་རྒྱུར། ཐེངས་འདིའི་ཀྲུང་གོའི་འགྲུལ་བཞུད་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོའི་སྲིད་གཞུང་དང་ཁེ་ལས། རིགས་གཞུང་ལས་རིགས་ཀྱི་འཐུས་མི་བཅས་ཀྱི་བར་བརྗེ་རེས་བྱས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་རྒྱལ་སྤྱིའི་སྲིད་ཇུས་དང་དཔལ་འབྱོར་གནད་དོན་སྐོར་གྱི་ཆེད་མཁས་པ་དག་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་འཛམ་གླིང་ཡོངས་ཀྱི་མཉམ་ལས་སོགས་ཀྱི་གླེང་གཞིར་གྲོས་བསྡུར་བྱེད་པའི་གོ་སྐབས་བྱུང་སོང་ཟེར།
ཅང་མ་འགོར་བའི་སྔོན་པེ་ཅིང་ནས་བསྡུས་པའི་ཀྲུང་གོ་དང་ཡོ་རོབ་གླིང་གི་མགོ་ཁྲིད་པའི་གྲོས་མོལ་གླེང་སྐབས་ཨེ་ལའེ་ནཱ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོས་འཛམ་གླིང་གར་སྟེགས་སུ་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས། ས་ཁུལ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་གནད་དོན་དང་འགྲན་རྩོད་ལ་དམིགས་ནས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པའི་དགོས་གལ་ཡོད་ཟེར།
ཨེ་ལའེ་ནཱ་ཡིས་བཤད་རྒྱུར། ཕྱོགས་སོ་སོས་གནས་པའི་འགལ་བ་ཁས་ལེན་བྱེད་དགོས་ཀྱང་། དེ་མཉམ་ལས་ཀྱི་བཀག་རྒྱར་རློམ་མི་རུང་བར་དངོས་གཉེར་གྱི་རྣམ་འགྱུར་བཟུང་ཞིང་གྲོས་མོལ་ལ་བརྟེན་ནས་ཐུན་མོང་ལྟ་ཚུལ་འགོད་པ་དང་། ལག་རྡང་སྦྲེལ་ནས་གཉིས་ཕན་མཉམ་རྒྱལ་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ཟེར།
ཨེ་ལའེ་ནཱ་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱས་ན། ད་གཟོད་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་ནུས་ལྡན་གྱི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱེད་ཐུབ། ཕྱོགས་སོ་སོ་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་སོགས་ཛ་དྲག་གི་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།