ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཝ་ཧྲིན་ཐོན་ནས་ལོ་ངོ་ལྔ་བཅུའི་དགའ་སྟོན་བྱ་འགུལ་སྤེལ། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་རྣམ་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བ་དང་། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཡེ་ལོན་དང་ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞེ་ཧྥུང་། ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་པའོ་ཨིན་སི་སོགས་གདན་ཞུས་ལྟར་བྱ་འགུལ་ལ་ཞུགས་ཏེ་གཏམ་བཤད་སྤེལ།
ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཨེ་ལོན་གྱིས་བསྟན་དོན། ལོ་ངོ་ལྔ་བཅུའི་རིང་ལ། ཉོ་ཚོང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོར་ཚོང་གཉེར་བྱེད་བཞིན་པའི་ཨ་མེ་རི་ཁའི་ཁེ་ལས་ལ་རྒྱབ་སྐྱོར་བྱས་པ་དང་། ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་པའི་འགན་འཁྲིར་འགྱུར་ལྡོག་བྱུང་མེད། ལོ་རྒྱུས་ལས་དཔལ་འབྱོར་ནི་འཛམ་གླིང་ཡོངས་ཀྱི་ས་ཁུལ་བར་གྱི་ཆབ་སྲིད་གཏན་འཇགས་ཀྱི་རྨང་གཞི་ཡིན་ལ། དཔལ་འབྱོར་ཐད་ནས་ཕན་ཚུན་གཅིག་བརྟེན་བྱེད་པར་གཏོར་བརླག་གཏོང་བའི་གཡོ་ཇུས་གང་རུང་ལས་འཛམ་གླིང་ཡོངས་ཀྱི་ས་ཁུལ་བར་གྱི་ཆབ་སྲིད་ཟིང་ཆ་འབྱུང་དུ་འཇུག་སྲིད་པ་བདེན་དཔང་བྱུང་ཡོད། ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་མ་འོངས་པའི་ལོ་ངོ་ལྔ་བཅུའི་ནང་མུ་མཐུད་དུ་ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་ཟེར།
ཞེ་ཧྥུང་གིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཅིག་ཅིན་ཧྲན་ནས་བདེ་བླག་ངང་གྲོས་མོལ་མཛད་དེ། གནད་འགག་གི་དུས་སྐབས་སུ་གནས་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་གཏན་འཇགས་རང་བཞིན་ཁ་སྣོན་བྱས་པ་དང་། རྙོག་འཛིང་དུ་གྱུར་བའི་འཛམ་གླིང་ལ་དྲང་ཕྱོགས་ནུས་ཚད་ཁ་གསབ་བྱས་ཡོད་ཟེར། ཁོས་གཅིག་ནས་དམ་བཅའ་བརྩི་སྲུང་བྱས་ཏེ་ཅིག་ཅིན་ཧྲན་གྱི་གྲོས་མོལ་གྱི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་དགོས་པ་དང་། གཉིས་ནས་ཚོང་དོན་ལ་གྲོས་མོལ་བྱས་ནས་ཆབ་སྲིད་ཅན་གྱི་ཐེ་གཏོགས་མེད་པར་བཟོ་དགོས། གསུམ་ནས་ཕན་ཚུན་རོགས་འདེགས་བྱས་ནས་གཉིས་ཕན་མཉམ་ལས་ཀྱི་གསལ་ཁྲ་འདོན་དགོས་ཟེར།
ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དེ་གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར་བཙུགས་པ་དང་། སྤྱི་ཁྱབ་པུའུ་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་དུ་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་མ་བཙུགས་གོང་བཙུགས་པའི་དམངས་ཁྲོད་ཀྱི་ཉོ་ཚོང་རྩ་འཛུགས་ཤིག་ཡིན་པ་དང་། དུས་ཡུན་རིང་བོར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་བཞིན་ཡོད། མིག་སྔར་ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ལ་ཀྲུང་གོར་ཚོང་གཉེར་བྱེད་པའི་ཨ་མེ་རི་ཁའི་ཁོངས་གཏོགས་ཁེ་ལས་ཉིས་བརྒྱ་ལྷག་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།