མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཁི་ལུའུ་ཝ་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱེད་པ་སོགས་ཀྱི་ཐད་ནས་ཁས་ལེན་དམ་བཅའ་བཞག་པ་དེ་གལ་འགངས་ཧ་ཅང་ཆེ་ཟེར།
ཉིས་སྟོང་ཉེར་གསུམ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཉེ་སྔོན་ཀཱ་ནཱའི་རྒྱལ་ས་ཨ་ཁི་ལཱ་ནས་བསྡུས། ལཱ་ཁི་ལུའུ་ཝ་ཡིས་གྲོས་ཚོགས་གྲོལ་རྗེས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་དང་བཅས་པའི་ཁོངས་གཏོགས་རྒྱལ་ཁབ་མང་བོས་ཐེངས་འདིའི་གྲོས་ཚོགས་སྟེང་དམ་བཅའ་གལ་ཆེན་བཞག་པ་དང་། དེ་ལས་མི་ཀུན་ལ་སེམས་གསོ་དང་སྐུལ་མ་ཐེབས་ཡོད་ཟེར།
ལཱ་ཁི་ལུའུ་ཝ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་དངུལ་གཏོང་རྒྱལ་ཁབ་གཉིས་པ་ཡིན་པའི་ཆ་ནས། ཀྲུང་གོས་མུ་མཐུད་དུ་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱེད་པ་དང་མུ་མཐུད་དུ་རྒྱལ་སྤྱིའི་གསོ་སྦྱོང་སློབ་ཁྲིད་སྤེལ་བ། ས་ཁོངས་ཀྱི་ཞི་བདེ་སྲུང་སྐྱོབ་དང་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་ནས་དམ་བཅའ་བཞག་པ་ཚང་མ་གལ་འགངས་ཧ་ཅང་ཆེ་ཟེར།
ལཱ་ཁི་ལུའུ་ཝ་ཡིས་བསྟན་དོན། ཞི་བདེར་སྲུང་སྐྱོབ་བྱེད་སའི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་ཆ་རྐྱེན་དཀའ་ཚེགས་ཆེ་བས། ཞི་བདེ་སྲུང་སྐྱོབ་མི་སྣའི་སེམས་ཁམས་བདེ་ཐང་ལ་ལྷག་ཏུ་སེམས་ཁུར་བྱེད་དགོས་ཟེར། ཁོས་ད་རུང་བུད་མེད་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཁྲོད་ཀྱི་ནུས་པ་ནན་བཤད་བྱས་པ་དང་། སྔར་ལས་མང་བའི་བུད་མེད་དག་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ནང་ཞུགས་ནས་མཐོ་རིམ་ལས་འགན་ཁུར་དུ་ལེན་དགོས་པའི་ཚུལ་བསྟན།
ཉིས་སྟོང་ཉེར་གསུམ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་ཚེས་5ཉིན་ནས་ཚེས6ཉིན་བར་ཨ་ཁི་ལཱ་ནས་བསྡུས། ཚོགས་ཞུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གོ་གཅིག་དང་རྒྱལ་སྤྱིའི་རྩ་འཛུགས་གསུམ་གྱིས་ཚོགས་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་ཐུན་མོང་ཁས་ལེན་དང་ཆབ་སྲིད་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། དེའི་ནང་ཁོངས་གཏོགས་རྒྱལ་ཁབ་ང་བདུན་གྱིས་བྱེད་ཐབས་གསར་བ་སྤྱད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་དེས་མིག་སྔར་དང་མ་འོངས་པར་འཕྲད་སྲིད་པའི་འགྲན་རྩོད་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་རྒྱུ་ཁས་ལེན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།