ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་དང་ཀུའེ་ཡཱ་ནཱའི་ཙུང་ཐུང་ཨ་ལི་གཉིས་ཀྱིས་ཚེས་བཅུ་བཞི་ཉིན་ཧྲིན་ཝུན་སིན་ཐི་དང་ཀི་ལིན་ནཱ་ཏེན་སི་ནས་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་རྩོད་གླེང་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད་ཞི་བདེའི་གྲོས་མཐུན་སྐོར་ཞིག་བཀོད།
གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་བཤད་རྒྱུར། གྲོས་འཆམ་བྱུང་བའི་གྲོས་མཐུན་གྱི་ནང་དོན་ལ་ཕྱོགས་གཉིས་ཀྱིས་གནས་ཚུལ་གང་རུང་འོག་འཇིགས་སྐུལ་དང་དྲག་ཤུགས་མི་བཀོལ་བར་ཡིད་འཐད་བྱུང་བ་དང་། ཕྱོགས་གཉིས་ཀྱིས་རྩོད་གླེང་གང་ཡིན་ཡང་རྒྱལ་སྤྱིའི་བཅའ་ཁྲིམས་དང་གཅིག་སྟོང་དགུ་བརྒྱ་རེ་དྲུག་ལོར་བཀོད་པའི་རི་ནེ་ཝའི་གྲོས་མཐུན་གཞིར་བཟུང་ནས་ཐག་གཅོད་བྱེད་པར་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་ཞི་བདེ་མཉམ་གནས་དང་ས་ཁུལ་གྱི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱེད་པར་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཐོ་རིམ་གྲོས་མོལ་སྤེལ་བ་དང་ཐེངས་རྗེས་མའི་གྲོས་མོལ་དེ་པཱ་ཞི་ནས་སྤེལ་བར་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་རྩོད་གཞིར་གྱུར་བའི་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གཏོང་བའི་བྱ་སྤྱོད་གང་རུང་སྔོན་འགོག་བྱེད་རྒྱུ་ཡིན་ལ། གལ་ཏེ་ཛ་དྲག་གི་གནས་ཚུལ་བྱུང་ན། ཕྱོགས་གཉིས་ཀྱིས་དུས་ཐོག་ཏུ་ཕན་ཚུན་འབྲེལ་འདྲིས་བྱས་ཏེ། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པ། ཅཱ་ལེ་པུས་ཐུན་མོང་ཚོགས་པ། པཱ་ཞི་བཅས་ཞུགས་པའི་གནས་ཚུལ་འོག་རྩོད་གླེང་ཐག་གཅོད་བྱེད་པར་ཡིད་འཐད་བྱུང་ཡོད།
ཉེ་སྔོན་ཝེ་ནེ་ཙུའེ་ལཱ་དང་ཀུའེ་ཡཱ་ནའི་བར་གྱི་རྡོ་སྣུམ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཨེ་སེ་ཁོས་པའོ་ས་ཁུལ་གྱི་རྩོད་གླེང་ཇེ་དྲག་ཏུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར། ཨ་མེ་རི་ཁའི་ལྷོ་ཕྱོགས་དམག་སྤྱི་ཁང་དང་ཀུའེ་ཡཱ་ནཱའི་དམག་ཕྱོགས་ཀྱིས་རྩོད་གཞིར་གྱུར་བའི་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ། ལཱ་ཏེན་མེ་གླིང་གི་ས་ཁུལ་རྩ་འཛུགས་དང་རྒྱལ་ཁབ་མང་བོས་གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་རྩོད་གླེང་ཐག་གཅོད་བྱེད་དགོས་པའི་འདོད་ཚུལ་བཏོན་ཡོད།
དེའི་ཕྱིར་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧྲིན་ཝུན་སིན་ཐི་དང་ཀི་ལིན་ནཱ་ཏེན་སིའི་ཙུང་ལི་ཀང་སཱ་ཝེ་སི་ཡིས་ཚེས་དགུ་ཉིན་སོ་སོར་མཱ་ཏུའུ་ལོ་དང་ཨ་ལི་གཉིས་ལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་གདན་ཞུ་བྱས་ཏེ་རྒྱལ་སྤྱིའི་བར་འདུམ་འོག མངའ་ཁོངས་རྩོད་གླེང་གནད་དོན་ཐད་ནས་ཐད་ཀར་གྲོས་མོལ་བྱེད་དུ་བཅུག་པར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་དགའ་བསུ་ཐོབ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།