ཧྥུན་ལན་གྱིས་ཨ་མེ་རི་ཁའི་བར་འགོག་སྲུང་མཉམ་ལས་ཀྱི་གྲོས་མཐུན་འགོད་རྒྱུ་རེད།
2023.12.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཧྥུན་ལན་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་ཆོད་དོན་སྤེལ་ཏེ། ཨ་མེ་རི་ཁའི་བར་འགོག་སྲུང་མཉམ་ལས་ཀྱི་གྲོས་མཐུན་འགོད་རྒྱུ་ཐག་བཅད། ཧྥུན་ལན་གྱིས་གྲོས་མཐུན་གཞིར་བཟུང་ནས་ཨ་མེ་རི་ཁར་ས་ཁོངས་བཅོ་ལྔ་སྒོ་འབྱེད་བྱས་ནས་བེད་སྤྱོད་བྱེད་རྒྱུ་འཇུག་རྒྱུ་རེད།

ཧྥུན་ལན་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་སྤེལ་བའི་གསར་འགྱུར་ལས་བཤད་རྒྱུར། ཧྥུན་ལན་དང་ཨ་མེ་རི་ཁའི་འགོག་སྲུང་མཉམ་ལས་གྲོས་མཐུན་དེ་ཚེས་བཅོ་བརྒྱད་ཉིན་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་འགོད་རྒྱུ་ཡིན་ཟེར། ཧྥུན་ལན་གྱི་རྒྱལ་སྲུང་པུའུ་ཀྲང་ཧེ་ཁའེ་ཉིང་གིས་བཤད་རྒྱུར། གྲོས་མཐུན་དེ་བཀོད་ན་ཧྥུན་ལན་དང་ཨ་མེ་རི་ཁའི་རྒྱལ་སྲུང་སྡེ་ཁག་བར་མཉམ་ལས་ཟབ་མོ་བྱེད་པའི་མགོ་རྩོམ་སར་འགྱུར་སྲིད།

གྲོས་མཐུན་གྱི་མ་ཡིག་ལྟར་ན། ཧྥུན་ལན་གྱིས་མཁའ་དམག་རྟེན་གཞི་དང་མཚོ་དམག་རྟེན་གཞི། སྦྱོང་བརྡར་ས་ཁུལ། མཛོད་ཁང་སོགས་འདུས་པའི་ས་ཁོངས་བཅོ་ལྔ་ཨ་མེ་རི་ཁར་བེད་སྤྱོད་བྱེད་པར་མཁོ་འདོན་བྱེད་རྒྱུ་རེད། གྲོས་མཐུན་དེ་ད་རུང་ཨ་མེ་རི་ཁའི་དམག་དཔུང་གི་ཧྥུན་ལན་མངའ་ཁོངས་སུ་རྒྱལ་སྲུང་སྒྲིག་ཆས་དང་དངོས་རྫས་བཀོད་སྒྲིག་བྱེད་པ་དང་། ཨ་མེ་རི་ཁའི་དམག་དཔུང་དང་དེས་བེད་སྤྱོད་བྱེད་པའི་སྒྲིག་ཆས་དང་ས་ཁོངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ། ཉེས་དོན་ཁྲིམས་འཛིན་གྱི་དོ་དམ་དབང་ཆ་སོགས་ཀྱི་ནང་དོན་ལ་འབྲེལ་ཡོད།

གྲོས་མཐུན་དེར་ཁྲིམས་འཛུགས་ངོ་བོ་ལྡན་པའི་ནང་དོན་འདུས་ཡོད་པའི་དབང་གིས་བཀོད་རྗེས་ད་རུང་ཧྥུན་ལན་གྲོས་ཁང་གི་ཆོག་མཆན་ཐོབ་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།