ལི་པི་ཡའི་ནུབ་ཕྱོགས་མཚོ་ཁོངས་སུ་གྲུ་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་རེ་གཅིག་རྐྱེན་ལམ་དུ་ཤོར།
2023.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར།    གནས་སྤོར་སྡོད་དམངས་དྲུད་པའི་གྲུ་གཟིངས་ཤིག་ལི་པི་ཡའི་མཚོ་ཁོངས་སུ་ནུབ་ནས་མི་རེ་གཅིག་རྐྱེན་ལམ་དུ་ཤོར་ཟེར།

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བཤད་རྒྱུར།   བུད་མེད་དང་བྱིས་པ་འདུས་པའི་མི་རེ་གཅིག་ཐེངས་འདིའི་གྲུ་ནུབ་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར།    སྟེས་དབང་གིས་གསོན་ཡོད་པའི་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།   གྲུ་དེའི་སྟེང་དུ་མི་གྱ་དྲུག་དྲུད་ཡོད་པ་དང་།    ལི་པི་ཡའི་ནུབ་ཕྱོགསཀྱི་གྲུ་ཁའི་གྲོང་ཁྱེར་ཙུའུ་ཝ་ལཱ་ནས་ལམ་ལ་ཆས་པ་ཡིན་ཟེར།

2011ལོའི་ཚུན་ལ།   ལི་པི་ཡའི་ཆབ་སྲིད་གནས་བབ་བསྟུད་མར་ཟིང་ཟིང་དུ་གྱུར་བས།   ཁྲིམས་འགལ་གནས་སྤོར་སྡོད་དམངས་མང་པོས་ལི་པི་ཡ་བར་བརྒལ་ས་ཚིགས་སུ་བྱས་ཏེ་གྲུ་ལ་བསྡད་ནས་ས་དབུས་རྒྱ་མཚོ་ཆེན་མོ་བརྒལ་ཏེ་ཡོ་རོབ་གླིང་དུ་འགྲོ་བཞིན་ཡོད།    རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན།   ད་ལོར།   ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁྲི་གཅིག་དང་སྟོང་ལྔ་ལྷག་ལྐོག་འགྲོའི་ལམ་བར་དུ་འཛིན་བཟུང་བྱས་ཏེ་ཕྱིར་ལི་པི་ཡ་རུ་བསྐྱལ་བ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།