འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐཱན་ཏི་སེ་ཡིས་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2023.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐཱན་ཏི་སེ་ཡིས་ཚེས་བཅོ་ལྔ་ཉིན་རི་ནེ་ཝ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགྱུར་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ལོ་རེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་།   ཡང་བསྐྱར་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཐཱན་ཏི་སེ་ཡིས་བཤད་རྒྱུར།   འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཕ་ལེ་སི་ཐན་གྱིས་བཟུང་བའི་ས་ཁུལ་གྱི་འཕྲོད་བསྟེན་གནས་ཚུལ་གནད་དོན་གྱི་དམིགས་བསལ་གྲོས་ཚོགས་སྟེང་ཉེ་སྔོན་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་སྟེ་ཅཱ་ཧྲ་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པ་དང་སྨན་བཅོས་མི་སྣ་མངགས་པར་མགྱོགས་མྱུར་དང་རྒྱུན་མཐུད།   གེགས་མེད་བཅས་ཀྱི་རྒྱུ་ལམ་བཏོད་དགོས་པའི་འབོད་སྐུལ་བཏང་།   གྲོས་ཆོད་ཀྱིས་ད་རུང་སྤྱི་ཁྱབ་ལས་འཛིན་གྱིས་མུ་མཐུད་དུ་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཀྱི་སྤྱི་བའི་འཕྲོད་བསྟེན་དང་སེམས་ཁམས་བདེ་ཐང་ཐད་ཀྱི་ཤུགས་རྐྱེན་སོགས་ཁྱབ་བསྒྲགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁོས་བསྟན་དོན།   ལས་འགན་འདི་དག་མིག་སྔའི་གནས་ཚུལ་འོག་ཏུ་ཡོངས་འགྲུབ་བྱེད་དཀའ་བ་དང་།  མི་ཆོས་རིང་ལུགས་དང་སྨན་བཅོས་མི་སྣ་དང་བཅས་པའི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་མི་ཚང་མ་བདེ་འཇགས་ཡིན་པ་གཅིག་ཀྱང་མེད་ལ།   བྱེད་ཐབས་ཉག་གཅིག་ནི་འཁྲུག་རྩོད་མཚམས་འཇོག་རྒྱུ་དེ་ཡིན་ཟེར།

ཐཱན་ཏི་སེ་ཡིས་བསྟན་དོན།   ད་ལོར་འཛམ་གླིང་གི་ཁྱབ་ཁོངས་ནང་ཐོ་འགོད་བྱས་པའི་སྨན་བཅོས་མི་སྣ་དང་ནད་པ།   སྨན་ཁང་།   སྒོ་བསྟེན་ཁང་།  རོགས་སྐྱོབ་རླངས་འཁོར་བཅས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་སྟོང་གཉིས་ལས་བརྒལ་བ་དང་།  མི་བདུན་བརྒྱར་ཉེ་བ་རྐྱེན་ལམ་དུ་ཤོར་ཡོད་ལ།   མི་སྟོང་གཅིག་དང་བརྒྱ་ལྷག་ལ་རྨས་ཕོག་ཡོད།

ཐཱན་ཏི་སེ་ཡིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉེ་ལམ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་མ་བྱུང་བའི་ཐད་ཕང་སེམས་སྐྱེས་ཡོད་པའི་ཚུལ་བསྟན།  ཁོས་བཤད་རྒྱུར།   འཁྲུག་རྩོད་མཚམས་མ་བཞག་ན་ཞི་བདེ་མེད་པ་དང་།   ཞི་བདེ་མེད་ན་བདེ་ཐང་ཟེར་བའང་མེད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་བཞི་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།    ཟླ་བཅུ་པའི་ཚེས་བདུན་ཉིན་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ།   དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཅཱ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་མི་ཁྲི་གཅིག་དང་སྟོང་བརྒྱད་བདུན་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་།   མི་ཁྲི་ལྔ་ལྷག་ལ་རྨས་ཕོག་ཡོད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།