ཡེ་མིན་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་ལ་མི་མེད་གནམ་གྲུས་འཇབ་རྒོལ་བྱས་པར་བསྟན།
2023.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས་བཅུ་དྲུག་ཉིན་དབྱི་སི་རལ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཨེ་ལཱ་ཐིའི་དམིགས་འབེན་མང་པོར་མངའ་ཁོངས་ལས་བརྒལ་བའི་མི་མེད་གནམ་གྲུས་འཇབ་རྒོལ་བྱས།

ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་ཡེ་ཧེ་ཡ་སཱ་ལེ་ཡ་ཡིས་ཚེས་བཅུ་དྲུག་ཉིན་བརྙན་འཕྲིན་ཐད་གཏོང་ཁྲོད་བསྟན་དོན།   རྩ་འཛུགས་དེས་མི་མེད་གནམ་གྲུ་མང་པོ་བཀོལ་ཏེ་ཨེ་ལཱ་ཐིའི་དམིགས་འབེན་མང་པོར་འཇབ་རྒོལ་བྱས་ཟེར།    སཱ་ལེ་ཡ་ཡིས་བཤད་རྒྱུར།   ཧུའུ་སེ་དྲག་ཆས་པས་མུ་མཐུད་དུ་དབྱི་སི་རལ་ལ་ཕར་རྒོལ་བྱེད་རྒྱུ་ཡིན་པ་དང་།  དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དཔུང་འཇུག་མཚམས་འཇོག་རག་བར་དུ་ཕར་རྒོལ་བྱེད་རྒྱུ་ཡིན་ཟེར།

ཨེ་ཅིབ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།    ཨེ་ཅིབ་ཀྱི་མཁའ་སྲུང་མ་ལག་གིས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཞི་ནེ་གླིང་ཕྲན་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཏཱ་ཧཱ་པུའུ་ཉེ་འདབས་སུ་མི་མེད་གནམ་གྲུར་འདྲ་བ་ཞིག་གཏོར་ཟེར།   ཏཱ་ཧཱ་པུའུ་དང་ཨེ་ལཱ་ཐི་བར་དུ་སྤྱི་ལེ་བརྒྱ་དང་ཉི་ཤུ་ཡོད།

ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་པའི་འཁྲུག་རྩོད་བྱུང་རྗེས།    ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་མངའ་ཁོངས་ཀྱི་དམིགས་འབེན་དང་ཡེ་མིན་གྱི་མཚོ་འགྲམ་བརྒྱུད་པའི་དབྱི་སི་རལ་གྱི་གྲུ་གཟིངས་ལ་ཐེངས་མང་པོར་འཇབ་རྒོལ་བྱས།

ཟླ་འདིའི་ཚེས་བཅོ་ལྔ་ཉིན།   ཧུའུ་སེ་དྲག་ཆས་པས་མཚོ་དམར་ལྷོ་ཕྱོགས་ཀྱི་མན་ཏི་མཚོ་འགག་ཏུ་དངོས་སྐྱེལ་གྲུ་གཟིངས་གཉིས་ལ་འཇབ་རྒོལ་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།