མར་ཐའི་འཕྲོད་བསྟེན་པུའུ་ཀྲང་ཁུ་ལིས་སི་ཧྥེ་ཨུན་གྱིས་ཚེས་བཅོ་ལྔ་ཉིན་མར་ཐ་དང་ཀྲུང་གོ་གཉིས་ཀྱི་ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་མི་སྣའི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པར་རེ་བ་བཅངས་ཡོད་ཅེས་བསྟན།
ཧྥེ་ཨུན་གྱིས་ཚེས་བཅོ་ལྔ་ཉིན་རྒྱལ་ས་ཝ་ལེ་ཐཱ་རུ་འཚམས་འདྲིར་ཡོང་བའི་ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཆིའུ་ཙི་སུན་སོགས་ལ་ཐུག་འཕྲད་བྱེད་སྐབས། ཀྲུང་གོའི་མར་ཐའི་སྨན་བཅོས་རོགས་སྐྱོར་རུ་ཁག་གི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་མར་ཐའི་འཕྲོད་བསྟེན་པུའུ་ཡིས་ས་དཀྱིལ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་ལ་བརྟེན་ནས་ཀྲུང་ལུགས་གསོ་རིག་གི་མར་ཐ་དང་ཐ་ན་ཡོ་རོབ་གླིང་གི་ས་ཁུལ་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་སྔར་ལས་མཐོར་འདེགས་གཏོང་རྒྱུ་ཡིན་ཞེས་བསྟན།
ཆིའུ་ཙི་སུན་གྱིས་བསྟན་དོན། ཀྲུང་གོ་དང་མར་ཐ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་རིམ་བཞིན་དུ་མར་ཐ་རྒྱལ་ཁབ་དེ་ཀྲུང་ལུགས་གསོ་རིག་ཡོ་རོབ་གླིང་དུ་བསྐྱོད་པའི་འབྲེལ་ཟམ་ལྟ་བུར་འགྱུར་བར་བྱེད་དགོས་པ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་མཉམ་ལས་དང་ཀྲུང་ལུགས་གསོ་རིག་གི་ལས་སྒོའི་མི་སྣ་དང་དེར་དགའ་མོས་ཡོད་མཁན་མཉམ་དུ་གསོ་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་སྨན་བཅོས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དགོས་ཟེར།
1994ལོར། ཀྲུང་གོ་དང་མར་ཐ་སྲིད་གཞུང་གིས་མཉམ་ལས་བྱས་ཏེ་ས་དཀྱིལ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་བཙུགས་པ་དང་། 2008ལོར་ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་མར་ཐའི་རྒྱལ་བཙུགས་འཕགས་མའི་སྨན་ཁང་དུ་ཀྲུང་ལུགས་གསོ་རིག་ཚན་ཁག་བཙུགས་པ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།