ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་བར་འཐབ་འཁྲུག་བྱེད་འདོད་མེད་པའི་ཚུལ་བསྟན།
2023.12.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སིའི་བརྙན་འཕྲིན་ཁང་དང་པོའི་གསར་འགོད་པ་ཞིག་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་བར་འཐབ་འཁྲུག་བྱེད་འདོད་མེད་ཀྱང་། བྱང་ཆིངས་རྩ་འཛུགས་ཀྱིས་བསམ་བཞིན་དུ་གནད་དོན་བཟོ་བཞིན་ཡོད་ཟེར།

བཅར་འདྲིའི་གནས་ཚུལ་དེ་ཚེས་བཅུ་བདུན་ཉིན་གསར་འགོད་པ་དེའི་མི་སྒེར་གྱི་དྲ་ཚིགས་ལས་བཏང་བ་རེད། ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་བར་འཐབ་འཁྲུག་བྱེད་པར་རྒྱུ་མཚན་ཅི་ཡང་མེད། ས་ཁུལ་གྱི་ཆབ་སྲིད་ཁེ་ཕན་དང་ཡང་ན། དཔལ་འབྱོར། དམག་དོན་བཅས་ཀྱི་ཁེ་ཕན་གང་ལ་མཚོན་ནའང་། འཐབ་འཁྲུག་བྱེད་པ་དེ་ཨུ་རུ་སིར་ཕན་ཐོགས་ཅི་ཡང་མེད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་བར་གྱི་འབྲེལ་བར་གཏོར་བརླག་གཏིང་འདོད་མེད་པར་མ་ཟད། བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་དག་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་བར་གནད་དོན་མེད་ཀྱང་། བྱང་ཆིངས་རྩ་འཛུགས་ཀྱིས་བསམ་བཞིན་དུ་གནད་དོན་བཟོ་བཞིན་ཡོད་ལ། རྒྱུ་མཚན་ནི་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་ལྟ་བུའི་འགྲན་ཡ་མེད་པར་གཏོང་འདོད་པས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།