དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་དབྱི་སི་རལ་དང་འདབས་འབྲེལ་དུ་ཡོད་པའི་ཨེ་ལོས་ཙི་རྒྱུ་ལམ་གྱི་ཉེ་འདབས་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ས་འོག་གི་ཕུག་ལམ་ཆེ་གྲས་ཤིག་རྙེད་་དང་། དེ་ནི་དབྱི་སི་རལ་གྱི་དམག་དཔུང་གིས་ད་ལོའི་བར་ཅཱ་ཧྲ་ས་ཁུལ་ནས་རྙེད་པའི་གཞི་རྒྱ་ཆེས་ཆེ་བའི་ས་འོག་ཕུག་ལམ་ཞིག་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ས་འོག་ཕུག་ལམ་དེ་ཨེ་ལོས་ཙི་རྒྱུ་ལམ་དང་བར་ཐག་རྨིད་བཞི་བརྒྱ་ཙམ་ལས་མེད་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་བཞི་ལྷག་ཡོད་ལ། གཏིང་ཚད་ལ་རྨིད་ལྔ་བཅུ་ཙམ་ཡོད། གནས་ལ་ལར་རླངས་འཁོར་ཆེ་གྲས་དག་བགྲོད་ཐུབ་པ་རེད། ས་འོག་ཕུག་ལམ་དེར་ཡན་ལག་ཕུག་ལམ་མང་བོ་ཡོད་ཅིང་། གློག་དང་བཙོག་ཆུའི་ཐག་གཅོད་སྒྲིག་ཆས། འགོག་ཤུགས་ཆེ་བའི་སྒོ་སོགས་སྒྲིག་སྦྱོར་བྱས་ཡོད། མིག་སྔར་ས་འོག་ཕུག་ལམ་དེ་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཐེན་ཡོད་པའི་བདེན་དཔང་རྙེད་མེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཟླ་བཅུ་བའི་ཚེས་བདུན་ཉིན་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱི་ས་འོག་ཕུག་ལམ་བརྒྱ་ཕྲག་འགའ་རྙེད་ཡོད་པ་དང་། མང་ཆེ་བ་རྣོ་ལྕགས་དང་ཨར་འདམ་བཀོལ་ནས་ལས་པ་ཡིན་ལ། གློག་ཤུགས་དང་རླུང་རྒྱུ་ས། བཙོག་ཆུ་ཐག་གཅོད། འཕྲིན་གཏོང་སྒྲིག་ཆས་སོགས་སྒྲིག་སྦྱོར་བྱས་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་སྔོན་ཐོན་གྱི་འཐབ་འཁྲུག་གསང་འཕྲིན་དང་ལག་རྩལ་བྱེད་ཐབས་སྤྱད་དེ་ས་འོག་ཕུག་ལམ་གྱི་དྲ་བ་དེར་གཏོར་བཤིག་གཏོང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།