མའོ་ཞི་ཁོའི་དབུས་ཕྱོགས་ཀྱི་བཀའ་ནཱ་ཧྭ་ཐའོ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། མངའ་སྡེ་དེའི་སཱ་ཨར་ཝ་ཐིས་ལཱ་གྲོང་ཁྱེར་ནས་ཉིན་དེར་དྲག་ཆས་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཞོགས་པར་དྲག་ཆས་མི་སྣ་སྐོར་ཞིག་སཱ་ཨར་ཝ་ཐིས་ལཱ་གྲོང་ཁྱེར་གྱི་གཞིས་ཀ་ཞིག་ཏུ་སོང་ནས། གཞིས་ཀའི་ནང་འཚོགས་ཡོད་པའི་མི་ཚོགས་ལ་མེ་མདས་བརྒྱབ་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད་ཟེར།
སཱ་ཨར་ཝ་ཐིས་ལཱ་གྲོང་ཁྱེར་གྱི་ཧྲི་ཀྲང་ཧི་ཨར་མན་སེ་ཝན་ཐིས་སི་ཡིས་དྲ་ཚིགས་བརྒྱུད་དེ་དྲག་ཤུགས་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། ས་གནས་སྲིད་གཞུང་གིས་ཞིབ་དཔྱོད་ཕྱོགས་དང་མཉམ་ལས་བྱས་ཏེ་དོན་རྐྱེན་དེ་ཐག་གཅོད་བྱེད་རྒྱུ་མ་ཟད། འཇབ་རྒོལ་མཁན་དག་མྱུར་མོར་འཛིན་བཟུང་བྱེད་རྒྱུ་ཡིན་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ནག་ཉེས་སྡེ་ཚོགས་ཀྱིས་བཀའ་ནཱ་ཧྭ་ཐའོ་མངའ་སྡེའི་ས་ཁུལ་སྐོར་ཞིག་གི་ཚོད་འཛིན་དབང་ཆ་འཕྲོག་རྩོད་བྱས་ཏེ། དྲག་ཤུགས་འཁྲུག་རྩོད་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།