ཁུ་ཝེ་ཐེ་ཡིས་སྐུ་གཤེགས་པའི་ཨའེ་མིས་ཨར་ནཱ་ཝ་ཧྥུའུ་དུར་འཇུག་བྱེད་པའི་མཛད་སྒོ་སྤེལ།
2023.12.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཁུ་ཝེ་ཐེའི་སྐུ་གཤེགས་པའི་ཨའེ་མིས་ཨར་ནཱ་ཝ་ཧྥུའུ་ཡི་དུར་འཇུག་མཛད་སྒོ་ཚེས་བཅུ་བདུན་ཉིན་ཁུ་ཝེ་ཐེའི་ཧཱ་ཝ་ལེ་ཞིང་ཆེན་གྱི་པུས་ལཱ་ལེ་པིན་ལཱ་པཱ་ཧི་དབྱི་སི་ལན་ཆོས་ཁང་ནས་བསྡུས། གསར་དུ་འགན་ཁུར་བའི་ཨའེ་མིས་ཨར་མུས་ཧྲ་ལེ་དང་དབུ་བཞུགས་བློན་ཆེན་ཨེ་ཧཱ་མེད་ཏི། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་སཱ་ཨ་ཏོན། རྒྱལ་བོའི་ཕོ་བྲང་གི་ཁོངས་མི་སོགས་དུར་འཇུག་མཛད་སྒོར་ཞུགས།

སྐུ་གཤེགས་པའི་ཨའེ་མིས་ཨར་ནཱ་ཝ་ཧྥུའུ་ཡི་བེམ་པོ་དེའི་རྗེས་སུ་དམག་དཔུང་གིས་སྐྱེལ་མ་བྱས་ནས་རྒྱལ་སའི་སུའུ་ལའེ་པུས་ཧཱ་ཐི་བང་སོར་བསྐྱལ་བ་རེད།

ནཱ་ཝ་ཧྥུའུ་ཟླ་འདིའི་ཚེས་བཅུ་དྲུག་ཉིན་སྐུ་གཤེགས་པ་དང་། ད་ལོར་དགུང་ལོ་གྱ་དྲུག་རེད།

ཉིན་དེར་ཁུ་ཝེ་ཐེའི་སྲིད་འཛིན་ལས་ཁུངས་ཀྱིས་རྒྱལ་རྒྱུད་མུས་ཧྲ་ལེ་ཡིས་མགོ་ཁྲིད་པ་གསར་བའི་འགན་ཁུར་རྒྱུ་ཁྱབ་བསྒྲགས་བྱས། ཁུ་ཝེ་ཐེ་ཡིས་ཉིན་དེར་ད་རུང་རྒྱལ་ཡོངས་ནས་ཉིན་བཞི་བཅུའི་རིང་མྱ་ངན་ཞུ་རྒྱུ་ཁྱབ་བསྒྲགས་བྱས། མིག་སྔར་རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་ཆེད་མངག་ཕོ་ཉ་དག་ཁུ་ཝེ་ཐེ་རུ་འབྱོར་ནས་མྱ་ངན་ཞུས།

ཁུ་ཝེ་ཐེའི་ཨའེ་མིས་ཨར་གྱིས་རྒྱལ་ཁབ་ཀྱི་གཙོ་འཛིན་དང་ཞོར་དུ་དྲག་ཆས་དམག་དཔུང་གི་ཆེས་མཐོའི་དམག་དཔོན་གྱི་འགན་ཁུར་ཡོད། མུས་ཧྲ་ལེ་ནི་གཅིག་སྟོང་དགུ་བརྒྱ་བཞི་བཅུ་ལོར་སྐྱེས་པ་དང་། ནཱ་ཝ་ཧྥུའུ་ཡི་ཕ་སྤུན་ནུ་བོ་ཡིན་ལ། སྔོན་ཆད་ནང་སྲིད་པུའུ་དང་རྒྱལ་དམངས་ཉེན་སྲུང་རུ་ཁག་ཏུ་ལས་འགན་ཁུར་མྱོང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བར་རྒྱལ་རྒྱུད་དུ་གྱུར་བ་རེད།

ཁུ་ཝེ་ཐེའི་རྩ་ཁྲིམས་ལྟར་ན། མུས་ཧྲ་ལེ་ཡིས་རྒྱལ་དམངས་གྲོས་ཁང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་དགོས་པ་དང་། ལོ་གཅིག་གི་ནང་རྒྱལ་རྒྱུད་གསར་བའི་མིང་འདོན་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།