སེར་ཝེ་ཡཱའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་དང་ས་གནས་འདེམ་བསྐོའི་བྱ་འགུལ་ཚེས་བཅུ་བདུན་ཉིན་སྤེལ། སྲིད་ཏང་དང་ཏང་ཁག་མནའ་འབྲེལ་བཅོ་བརྒྱད་ཀྱིས་གྲོས་ཁང་གི་ལས་གནས་འགྲན་རྩོད་བྱེད་རྒྱུ་ཡིན་ལ། ས་གནས་ཀྱི་འདེམ་བསྐོའི་བྱ་འགུལ་དེ་རྒྱལ་ས་པེ་ཨར་ཀི་ལའེ་ཏི་དང་བཅས་པའི་གྲོང་ཁྱེར་རེ་ལྔ་ནས་སྤེལ་རྒྱུ་རེད།
འདེམ་ཤོག་འཕེན་ས་དག་ཉིན་དེའི་ཞོགས་པའི་དུས་ཚོད་བདུན་ནས་དགོང་མོའི་དུས་ཚོད་བརྒྱད་བར་སྒོ་འབྱེད་བྱས་པ་དང་། འདེམ་དམངས་ས་ཡ་དྲུག་དང་འབུམ་ལྔ་ལྷག་གིས་རྒྱལ་ཡོངས་དང་ཕྱི་རྒྱལ་གྱི་འདེམ་ཤོག་འཕེན་ས་སྟོང་བརྒྱད་དང་ཉིས་བརྒྱ་དོན་གསུམ་ནས་འདེམ་ཤོག་འཕངས་པ་རེད།
སེར་ཝེ་ཡཱའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ལོ་བཞིའི་ནང་ཐེངས་རེ་སྤེལ་བཞིན་ཡོད་ཅིང་། སེར་ཝེ་ཡཱའི་བཅའ་ཁྲིམས་གཏན་འཁེལ་ལྟར་ན། ཏང་ཁག་གཅིག་དང་ཏང་ཁག་མནའ་འབྲེལ་གང་རུང་ལ་གྲོས་ཁང་གི་ལས་གནས་ཉིས་བརྒྱ་དང་ལྔ་བཅུའི་ཁྲོད་ཀྱི་ཕྱེད་ཀའི་ཡན་ཐོབ་ན་ད་གཟོད་སྒེར་ཚུགས་ཀྱིས་སྲིད་གཞུང་རྩ་འཛུགས་བྱས་ཆོག་པ་དང་། དེ་ལྟ་མིན་ཚེ་ཏང་ཁག་མང་བོ་དང་ཏང་ཁག་མནའ་འབྲེལ་གྱིས་མཉམ་དུ་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་དགོས་པ་རེད།
སེར་ཝེ་ཡཱའི་ད་ལྟའི་གྲོས་ཁང་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཞི་བར་བདམས་ཐོན་བྱུང་བ་དང་། ཝུའུ་ཆི་ཆི་ཡིས་ད་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ་གྲོས་ཁང་གཏོར་བར་མ་ཟད། ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་སྔ་སྣུར་གྱིས་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།