དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་རིམ་བཞིན་དུས་རིམ་རྗེས་མར་བར་བརྒལ་བྱེད་རྒྱུའི་ཚུལ་བསྟན།
2023.12.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཅཱ་ལན་ཐི་ཡིས་ཚེས་བཅོ་བརྒྱད་ཉིན་ཐི་ལཱ་ཝེ་ཧྥུའུ་ནས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་འགུལ་སྐྱོད་དེ་རིམ་བཞིན་དུས་རིམ་རྗེས་མར་བར་བརྒལ་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཉིན་དེར་དབྱི་སི་རལ་དུ་འཚམས་འདྲི་བྱས་པ་དང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ཅཱ་ལན་ཐི་སོགས་དཔོན་རིགས་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཨོ་སི་ཏེན་གྱིས་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་དབྱི་སི་རལ་ལ་མཚོན་ཆ་དང་རླངས་འཁོར། མཁའ་སྲུང་མ་ལག་སོགས་ཀྱི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན། དེ་ལས་གཞན་ཨ་མེ་རི་ཁས་རྒྱལ་ཁབ་གཞན་པ་དང་མཉམ་དུ་མཚོ་དམག་ཆེད་མངག་རུ་ཁག་ཅིག་རྩ་འཛུགས་བྱས་ཏེ། མཚོ་དམར་མཚོ་ཁོངས་ཀྱི་འགྲུལ་བཞུད་རང་དབང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཐུག་འཕྲད་བྱེད་སྐབས་བསྐྱར་སྒྲོག་བྱས་དོན། དབྱི་སི་རལ་གྱི་དམིགས་འབེན་ནི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་གྱི་འཐབ་འཁྲུག་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལོན་པར་བྱེད་རྒྱུ་དེ་ཡིན་ཟེར།

ཨོ་སི་ཏེན་གྱིས་ཅཱ་ལན་ཐི་དང་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་དབྱི་སི་རལ་གྱི་དཔོན་རིགས་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་དེ་དྲག་ཚད་དམའ་བའི་ཕྱོགས་སུ་བར་བརྒལ་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཅཱ་ལན་ཐི་ཡིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གཞིགས་ནས་མུ་མཐུད་དུ་དྲག་ཚད་མི་འདྲ་བའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ལ། ས་ཁོངས་མི་འདྲ་བར་མྱུར་མོར་དགར་རྒྱུ་ཡིན། ང་ཚོས་འགན་འཁྲི་ཡོངས་འགྲུབ་བྱས་པའི་ས་ཁོངས་རེ་རེ་བཞིན་དུ་རིམ་བཞིན་དུས་རིམ་རྗེས་མར་བར་བརྒལ་བྱེད་ངེས་ཡིན། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་ལྷོ་ཕྱོགས་ལས་མྱུར་མོར་དམིགས་འབེན་དེ་མངོན་འགྱུར་བྱེད་ཐུབ་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།