དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡཱའི་དམག་དོན་དམིགས་འབེན་ལ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས།
2023.12.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་དམག་དོན་དམིགས་འབེན་ལ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་ཏེ། ཀི་ལན་མཐོ་སར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་པར་རྒོལ་ལན་སྤྲད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མེ་སྒྱོགས་བཀོལ་ནས་སི་རི་ཡཱའི་དམག་དོན་དམིགས་འབེན་ཞིག་ལ་འཇབ་རྒོལ་བྱས་པ་དང་། བྱ་སྤྱོད་དེ་ནི་ཀི་ལན་མཐོ་སར་ཉིན་དེར་མེ་ཤུགས་འཕུར་མདའ་མང་བོའི་འཇབ་རྒོལ་ཐེབས་པར་རྒོལ་ལན་སྤྲོད་ཆེད་ཡིན་ཟེར། དབྱི་སི་རལ་གྱི་མེ་སྒྱོགས་དམག་དཔུང་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་པའི་དྲག་ཆས་མི་སྣར་འཇབ་རྒོལ་བྱས་ཡོད་ཟེར།

དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་བཤད་རྒྱུར། འདས་པའི་དུས་ཚོད་འགའི་ནང་། དབྱི་སི་རལ་གྱི་མྱུལ་ཞིབ་གནམ་གྲུས་སི་རི་ཡཱའི་ལྷོ་ཕྱོགས་དང་དབུས་ཕྱོགས། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་བཅས་སུ་བར་སྣང་ནས་སྐོར་ཞིབ་བྱས་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་མང་བོར་འཇབ་རྒོལ་བྱས་པ་དང་། དེའི་ནང་རྨང་གཞིའི་སྒྲིག་ཆས་དང་མེ་ཤུགས་འཕུར་མདའི་གཏོང་འཕེན་བྱེད་ས། དམག་དོན་སྒྲིག་ཆས་སོགས་འདུས་ཟེར།

ཉིན་དེར་དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་ལེ་པཱ་ནུན་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་མང་བོའི་འཇབ་རྒོལ་ཐེབས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།