ཨ་མེ་རི་ཁ་དང་ཧྥུན་ལན་གྱིས་འགོག་སྲུང་གྲོས་མཐུན་བཀོད་དེ་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱས།
2023.12.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཨ་མེ་རི་ཁ་དང་ཧྥུན་ལན་གྱིས་ཚེས་བཅོ་བརྒྱད་ཉིན་འགོག་སྲུང་གྲོས་མཐུན་བཀོད་དེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དམག་དོན་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས། གྲོས་མཐུན་གྱི་ནང་དོན་ལ་ཧྥུན་ལན་གྱིས་ཨ་མེ་རི་ཁར་དམག་དོན་སྒྲིག་ཆས་མང་བོ་སྒོ་འབྱེད་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་སོགས་འདུས།

ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་ཧྥུན་ལན་གྱི་ཕྱི་འབྲེལ་བློན་ཆེན་ཝ་ཨར་ཐའོ་ཉིང་། ཧྥུན་ལན་གྱི་རྒྱལ་སྲུང་བློན་ཆེན་ཧེ་ཁའེ་ཉིང་བཅུས་མཉམ་དུ་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བསྡུས་པའི་མིང་འགོད་མཛད་སྒོར་ཞུགས།

པུའུ་ལིན་ཁུན་གྱིས་བསྟན་དོན། གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས་ཨ་མེ་རི་ཁ་དང་ཧྥུན་ལན་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་མཉམ་ལས་ཀྱི་ཕན་ནུས་ཇེ་མཐོར་གཏོང་བ་དང་། དམག་དཔུང་གཉིས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བར་གོ་སྐབས་མང་བོ་འདོན་སྤྲོད་བྱེད་ཐུབ་པར་མ་ཟད། ཞོར་དུ་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་འགུལ་སྐྱོད་ཀྱི་མཉམ་ལས་རང་བཞིན་ཀྱང་ཇེ་དྲག་ཏུ་འགྲོ་སྲིད་ཟེར།

ཝ་ཨར་ཐའོ་ཉིང་གིས་བསྟན་དོན། གྲོས་མཐུན་བཀོད་པ་ནི་ཧྥུན་ལན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་པ་དང་། ཡོ་རོབ་གླིང་བྱང་མ་དང་པའོ་ལི་ཏི་མཚོ་ཁོངས་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་སྣོན་བྱེད་ཐུགབ་ཟེར།

ཧེ་ཁའེ་ཉིང་གིས་བསྟན་དོན། གྲོས་མཐུན་དེས་རྒྱལ་ཁབ་གཉིས་ཀྱི་དམག་དོན་དང་བདེ་འཇགས། རྒྱལ་སྲུང་ཁྱབ་ཁོངས་ཀྱི་གནས་བབ་སྣ་ཚོགས་ལ་དམིགས་པའི་གཅིག་གྱུར་འགུལ་སྐྱོད་སྤེལ་བའི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།