ཧང་ག་རི་དང་ཐུར་ཁེ་ཡིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཙོར་འཛིན་པའི་གྲོས་མཐུན་བཀོད།
2023.12.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཚེས་བཅོ་བརྒྱད་ཉིན་རྒྱལ་ས་པུའུ་ཏཱ་ཕའེ་སི་ནས་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་མཉམ་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཙོར་འཛིན་པའི་གྲོས་མཐུན་བཀོད།

ཨིག་ཨར་པན་གྱིས་གྲོས་མཐུན་བཀོད་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། གྲོས་མཐུན་དེ་བཀོད་པ་ལས་ཧང་ག་རི་དང་ཐུར་ཁེའི་བར་གྲོགས་པོ་དང་སྤུན་ཟླ་ལྟ་བུའི་ཆབ་སྲིད་མཉམ་ལས་བྱས་ཆོག་པ་མཚོན་ཡོད་ལ། ཧང་ག་རི་ཡིས་ཐུར་ཁེ་དང་མཉམ་དུ་དུས་རབས་ཉེར་གཅིག་པར་མཉམ་རྒྱལ་བྱེད་འདོད་ཡོད་ཟེར།

ཨིག་ཨར་པན་གྱིས་བཤད་རྒྱུར། ཧང་ག་རི་དང་ཐུར་ཁེ་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཉེ་བའི་ལོ་བཅུའི་ནང་ལྡབ་གཅིག་གིས་འཕར་ཡོད། ཧང་ག་རི་ན་མིག་སྔར་ཐུར་ཁེའི་ཁེ་ལས་ལྔ་བརྒྱ་ཙམ་ཡོད་པ་དང་། ཐུར་ཁེ་རུ་ཧང་ག་རིའི་ཁེ་ལས་བརྒྱ་ཙམ་ཡོད་ལ། ཐུར་ཁེ་ཡིས་ཧང་ག་རི་ནས་དངུལ་གཏོང་བྱས་པའི་ཁ་གྲངས་དང་རིན་ཐང་འཕར་སྣོན་བྱུང་ཡོད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཐུར་ཁེ་དང་ཧང་ག་རིའི་མཛའ་མཐུན་འབྲེལ་བའི་རྒྱུན་རིང་ཞིང་། རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱ་བསྐྱེད་འདོད་ཡོད། དེའི་ནང་དངུལ་གཏོང་ཇེ་མང་དུ་གཏོང་བར་འབད་འབུངས་བྱས་ཏེ་རྒྱལ་སྲུང་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་སོགས་འདུས་ཡོད། ཐུར་ཁེ་ཡིས་ཤུགས་ཆེན་པོས་ཧང་ག་རིས་ཉིས་སྟོང་ཉེར་བཞི་ལོའི་ལོ་སྨད་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བར་ཤུགས་ཆེན་པོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨེ་ཨར་ཏའོ་ཨན་ཉིན་དེར་པུའུ་ཏཱ་ཕའེ་སི་རུ་འབྱོར་ནས་དུས་ཡུན་ཉིན་གཅིག་གི་འཚམས་འདྲི་བྱས་པ་དང་། དེའི་སྐབས་སུ་ཧང་ག་རིའི་ཙུང་ཐུང་ནོའུ་ཝ་ཁི་དང་གྲོས་མོལ་བྱས་པར་མ་ཟད། ཧང་ག་རི་དང་ཐུར་ཁེའི་མཐོ་རིམ་འཐབ་ཇུས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཞུགས། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མང་བོར་འབྲེལ་བའི་གྲོས་མཐུན་སྣ་བཅུ་བདུན་བཀོད་ཡོད་ལ། དེའི་ནང་ནུས་ཁུངས་མཉམ་ལས་ཀྱི་གྲོས་མཐུན་ལྔ་འདུས། གྲོས་མཐུན་ལྟར་ན། ཧང་ག་རི་ཡིས་སང་ལོར་ཐུར་ཁེ་ནས་རང་བྱུང་སོལ་རླངས་ནང་འདྲེན་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།