ཀྲུང་གོ་དང་པཱ་ཞིའི་གསར་གཏོད་དཔལ་འབྱོར་གླེང་སྟེགས་ལི་ཡའོ་ནས་སྤེལ།
2023.12.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཀྲུང་གོ་དང་པཱ་ཞིའི་གསར་གཏོད་དཔལ་འབྱོར་གླེང་སྟེགས་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ལི་ཡའོ་རི་ནེ་ལུའུ་ནས་སྤེལ་བ་དང་། ཀྲུང་གོ་དང་པཱ་ཞི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས། ཚོང་ལས་མཐུན་ཚོགས་སོགས་ལས་རིགས་སོ་སོའི་མི་སྣས་གསར་གཏོད་དཔལ་འབྱོར་གྱི་གླེང་གཞི་དང་། ཀྲུང་གོ་དང་པཱ་ཞིའི་གསར་གཏོད་དཔལ་འབྱོར་མཉམ་ལས་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱས། ལི་ཡའོ་རི་ནེ་ལུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཐེན་མེན་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་ཞུ་ཚིག་ཕུལ།

ཐེན་མེན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་པཱ་ཞིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་བར་མ་ཟད། དངུལ་གཏོང་མཉམ་ལས་ཉིན་རེ་བཞིན་ཇེ་མང་དུ་སོང་ཡོད། ཐེངས་འདིའི་གླེང་སྟེགས་དེ་ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་གསར་གཏོད་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། ཕྱོགས་གཉིས་ཀྱི་མཉམ་ལས་དེ་ཐོན་ལས་མུ་འབྲེལ་ཅན་དང་རིན་ཐང་མུ་རྒྱུན་ཅན་གྱི་རིམ་པ་མཐོན་པོར་རྒྱུན་བསྲིངས་པར་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད། ཚད་གཞི་སྔར་ལས་མཐོ་བ་དང་རྒྱུན་མཐུད་ཀྱི་དམངས་འཚོར་ཕན་པའི་ལས་གཞི་ས་ཁུལ་སོ་སོ་ནས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཕན་བདེ་བསྐྲུན་དགོས། ལི་ཡའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་མུ་མཐུད་དུ་འབྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ནས་ཁྱབ་ཁོངས་དེའི་ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་བརྗེ་རེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་པཱ་ཞིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱེད་པའི་ཐད་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ལི་ཡའོ་མངའ་སྡེའི་གྲོས་ཁང་གི་གྲོས་དཔོན་གཞོན་པ། ལི་ཡའོ་མངའ་སྡེའི་པཱ་ཞི་དང་ཀྲུང་གོའི་གྲོས་མིའི་འཐབ་ཕྱོགས་ཀྱི་ཀྲུའུ་ཞི་ཏིས་ཡཱ་རོའུ་ཡིས་བསྟན་དོན། ཀྲུང་གོ་དང་པཱ་ཞི་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་དམ་ཟབ་ཏུ་སོང་བ་དང་། ལི་ཡའོ་མངའ་སྡེ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་སོགས་ཀྱི་འབྲེལ་འདྲིས་ལའང་ཉིན་རེ་བཞིན་ཤུགས་སྣོན་ཐོབ་ཡོད་ལ། གསར་གཏོད་དཔལ་འབྱོར་ནི་དེའི་ཁག་ཅིག་ཡིན། ལི་ཡའོ་མངའ་སྡེ་ལ་གསར་གཏོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཆ་རྐྱེན་དང་གོ་སྐབས་བཟང་བོ་ཡོད་ལ། ཀྲུང་གོས་འཕེལ་རིམ་དེའི་ནང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་རེ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱིས་གཉིས་ཕན་མཉམ་རྒྱལ་ལ་རམ་འདེགས་བྱེད་པར་རེ་ཡོད། ལི་ཡའོ་མངའ་སྡེའི་པཱ་ཞི་དང་ཀྲུང་གོའི་གྲོས་མིའི་འཐབ་ཕྱོགས་ཀྱིས་དམ་བཅའ་ལག་བསྟར་བྱས་ཏེ། མུ་མཐུད་དུ་ལི་ཡའོ་མངའ་སྡེ་དང་། པཱ་ཞི་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

པཱ་ཞིའི་ཕྱི་ཕྱོགས་ཉོ་ཚོང་ཚོང་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁཱ་ཨར་ནེ་ལོ་ཡིས་བསྟན་དོན། ཀྲུང་གོས་ཨེ་ཤ་ཡཱ་དང་ལཱ་ཏེན་མེ་གླིང་སོགས་ས་ཁུལ་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་གྲུབ་ཚུལ་བསྒྱུར་བ་མངོན་འགྱུར་བྱེད་བཞིན་ཡོད། པཱ་ཞི་ཡིས་ཁྱབ་ཁོངས་མང་བོ་ནས་ཀྲུང་གོར་སློབ་སྦྱོང་བྱེད་དགོས་ལ། ཐེངས་འདིའི་གླེང་སྟེགས་སྤེལ་བ་ནི་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོན་བྱེད་ཅིག་ཡིན་པ་དང་། མ་འོངས་པར་འདི་ལྟ་བུའི་བྱ་འགུལ་སྔར་ལས་མང་བོ་ཡོད་སྲིད་ཟེར། ཁཱ་ཨར་ནེ་ལོ་ཡིས་བལྟས་ན། རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་ཉོ་ཚོང་གི་བརྗེ་རེས་ཟབ་མོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གར་སྟེགས་སུ་སྔར་ལས་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱེད་ཐུབ་པར་འདོད་ལ། ཁོ་རང་མ་འོངས་པར་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་གིས་ཁེངས་ཡོད་ཟེར།

གླེང་སྟེགས་སྤེལ་སྐབས་ཀྲུང་གོ་དང་པཱ་ཞི་ཕྱོགས་གཉིས་ཀྱི་ཁེ་ལས་འཐུས་མིས་རིག་ནུས་གྲོང་ཁྱེར་དང་གཞི་གྲངས་དཔལ་འབྱོར། གློག་ཚོང་དངོས་སྐྱེལ། དག་གཙང་ནུས་ཁུངས། གསར་གཏོད་སྨན་བཅོས་སོགས་གླེང་གཞིའི་ཐད་ནས་གཏམ་བཤད་གལ་ཆེན་སྤེལ། ཉེ་སྔོན་བཙུགས་པའི་པཱ་ཞི་དང་ཀྲུང་གོའི་གསར་གཏོད་དཔལ་འབྱོར་ཞིབ་འཇུག་ཁང་དང་པཱ་ཞིའི་ཕྱི་ཕྱོགས་ཉོ་ཚོང་ཚོང་ཚོགས་མཉམ་འབྲེལ་ཚོགས་པས་ཀྱང་གླེང་སྟེགས་སྐབས་སུ་མཉམ་ལས་གྲོས་མཐུན་བཀོད། པཱ་ཞི་དང་ཀྲུང་གོའི་གསར་གཏོད་དཔལ་འབྱོར་ཞིབ་འཇུག་ཁང་གི་ཀྲུའུ་ཞི་ཡཱ་ནོའུ་ཆི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། གྲོས་མཐུན་དེའི་དམིགས་ཡུལ་ནི་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་པཱ་ཞི་རྒྱལ་ཁབ་གཉིས་ཀྱི་ལག་རྩལ་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་། རིག་ནུས་ཅན་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་སོགས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།