མོང་གོལ་སྨྱན་བྱད་ཀྱིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཉིན་དེའི་དུས་ཚོད་བདུན་ཡས་མས་སུ། ཝུའུ་ལན་པཱ་ཐའོ་ཡི་ཧན་ཝུའུ་ལཱ་ས་ཁུལ་གྱི་ཡན་ལག་ས་ཁུལ་གསུམ་པའི་བརྩེགས་རིམ་བཅུ་ཅན་གྱི་སྡོད་དམངས་ཐོག་ཁང་ཞིག་གི་བརྩེགས་རིམ་བཞི་པར་མེ་སྐྱོན་བྱུང་ནས། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་བཞི་འདུས་ཟེར།
བསྒྲགས་པ་ལྟར་ན། རྒྱལ་སའི་མེ་གསོད་ཅུའུ་ལ་མེ་སྐྱོན་ཉེན་བརྡ་འབྱོར་རྗེས་མེ་གསོད་རླངས་འཁོར་བཞི་དང་མེ་གསོད་མི་སྣ་ཉེར་ལྔ་མེ་སྐྱོན་བྱུང་སར་མངག་པ་དང་། དུས་ཚོད་བརྒྱད་དང་སྐར་མ་བཅུ་གཉིས་སྟེང་མེ་བསད་པ་དང་། ཐོག་ཁང་ནང་གི་མི་དོན་དྲུག་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད། མེ་གསོད་མི་སྣས་བརྡར་གཅོད་རགས་ཙམ་བྱས་པ་ལྟར་ན་འདས་པོ་དག་དུད་ནག་འཕྱུར་པ་ལས་ཤི་བ་ཡིན་ལ། མེ་སྐྱོན་འབྱུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།