ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཐིས་ཧཱ་ཏི་མཁའ་འགྲུལ་དང་ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་གྱིས་ཚེས་བཅོ་བརྒྱད་ཉིན་འཐབ་ཇུས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད་པ་དང་། དེ་ལས་ཕྱོགས་གཉིས་ཀྱིས་ཚོང་ལས་དང་ཚོང་གཉེར་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་འདུན་མཚོན་ཡོད།
བཟོད་སྒོམ་བརྗེད་ཐོ་དེ་ལྟར་ན། ད་ཡོད་ཀྱི་ཚབ་གྲངས་མཉམ་སྤྱོད་ཀྱི་གྲོས་མཐུན་རྨང་གཞིའི་སྟེང་མཁའ་འགྲུལ་ཀུང་ཟི་གཉིས་ཀྱིས་མཉམ་ལས་རྒྱ་ཆེར་སྤེལ་བའི་འཆར་གཞི་ཡོད། དེའི་ནང་ཚབ་གྲངས་མཉམ་སྤྱོད་དང་གནས་སྐོར་བའི་གཉིས་ཕན་འཆར་གཞི། དངོས་ཟོང་སྐྱེལ་འདྲེན། ས་ངོས་ཀྱི་ཞབས་ཞུ། ཁ་ཟས་ཀྱི་འདོན་སྤྲོད། སྐུ་མགྲོན་གྱི་ངལ་གསོ་ཁང་། ལས་བཟོ་བའི་གསོ་སྦྱོང་། དེ་མིན་རྒྱུན་མཐུད་མཁའ་འགྲུལ་འཕེལ་རྒྱས་ཀྱི་བྱེད་ཐབས་མང་བོ་སོགས་འདུས་ཡོད།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཐིས་ཧཱ་ཏི་མཁའ་འགྲུལ་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ནེ་ཝེ་སི་ཡིས་བསྟན་དོན། མཁའ་འགྲུལ་ཀུང་ཟི་གཉིས་ཀྱིས་ལོ་ངོ་བཅུ་ལས་བརྒལ་བའི་ཚབས་གྲངས་མཉམ་སྤྱོད་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ཡོད་ལ། འཐབ་ཇུས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་དང་། དུས་ཡུན་རིང་བོའི་གཉིས་ཕན་མཉམ་ལས་ཀྱི་འབྲེལ་བ་འཛུགས་པའི་གནད་འགག་ཡིན་པས། ཕྱོགས་གཉིས་ཀྱིས་ཡུན་རིང་གི་མཉམ་ལས་གྲོགས་པོའི་འབྲེལ་བ་མངོན་འགྱུར་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་སྡེ་ཚོགས་ཀྱི་སྤྱི་ཁྱབ་སྤྱི་གཉེར་བ་ལིས་ཡང་མེན་གྱིས་བསྟན་དོན། བཟོད་སྒོམ་བརྗེད་ཐོ་དེ་ནི་ང་ཚོས་ཚབ་གྲངས་མཉམ་སྤྱོད་གྲོས་མཐུན་གྱི་རྨང་གཞིའི་སྟེང་བཀོད་པ་ཡིན་ལ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཁག་ཅིག་ཡིན་པའི་ཆ་ནས། ང་ཚོས་དངོས་གཉེར་གྱི་ཐབས་ལ་བརྟེན་ནས་མཉམ་ལས་ཟབ་མོ་བྱེད་དགོས་ཟེར།
ཀྲུང་གོར་སྡོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཧཱ་མཱ་ཏིས་ཀྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་བདེན་དཔང་ཞིག་ཡིན་པའི་ཆ་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཁའ་འགྲུལ་ཀུང་ཟི་དང་ཀྲུང་གོའི་མཁའ་འགྲུལ་ཀུང་ཟི་གཙོ་བོས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་དེ་ཚོང་གཉེར་མཐོར་འདེགས་གཏོང་བ་ཙམ་མ་ཡིན་པར་སྔར་ལས་རྒྱ་ཆེ་བའི་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་ནན་བཤད་བྱས་ཡོད། མི་འགྱངས་པར་ཐོན་ལ་ཉེ་བའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་སྐབས་སུ། ང་ཚོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་ཉོ་ཚོང་། རིག་གནས། དེ་མིན་ཁྱབ་ཁོངས་གཞན་པ་ནས་སྔར་ལས་ཟབ་པའི་མཉམ་ལས་མངོན་འགྱུར་བྱེད་པར་སྙིང་ཐག་པ་ནས་རེ་སྒུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།