ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནུས་ཁུངས་པུའུ་ཀྲང་གིས་ཚེས་བཅུ་དགུ་ཉིན་ཆབ་སྲིད་གྲོས་མཐུན་བཀོད་དེ། ནུས་ཁུངས་ཉམས་ཉེན་ཐག་གཅོད་བྱེད་པའི་བྲེལ་མྱུར་བྱེད་ཐབས་སྣ་གསུམ་གྱི་ལག་བསྟར་ཡུན་ཚད་ལོ་གཅིག་གིས་ཇེ་རིང་དུ་བཏང་སྟེ། འབྱུང་སྲིད་པའི་ནུས་ཁུངས་རིན་གོང་གི་ཤུགས་རྐྱེན་སྔོན་འགོག་བྱེད་པར་ཡིད་འཐད་བྱུང་།
ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སི་ཕན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་སྐྱེ་ཁམས་སྤོར་བསྒྱུར་གྱི་བློན་ཆེན་ལི་ཝེ་ལཱ་ཡིས་བསྟན་དོན། བྲེལ་མྱུར་བྱེད་ཐབས་སྣ་གསུམ་པོ་དེའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བ་དེ་མིག་སྔའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉམས་ཞན་གྱི་གནས་བབ་ཐག་གཅོད་བྱེད་པར་དགོས་གལ་ཆེ་བ་དང་། ནུས་ཁུངས་ཚོང་རའི་གཏན་འཇགས་ལ་འགན་སྲུང་བྱེད་པ་དང་ཉམས་ཉེན་གྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དམངས་ལ་སྲུང་སྐྱོབ་བྱས་ནས་ནུས་ཁུངས་རིན་གོང་མཐོ་བའི་ཤུགས་རྐྱེན་མི་ཐེབས་པར་བྱེད་ཐུབ་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཡིག་ཐོག་གི་ལས་རིམ་བརྒྱུད་དེ་དངོས་སུ་འབྲེལ་ཡོད་ཀྱི་སྲོལ་ཡིག་ལ་གྲོས་མཐུན་བཀོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དཔོན་ཕྱོགས་ཀྱིས་སྤྱི་སྒྲོག་སྤེལ་ནས་ཁྱབ་བསྒྲགས་བྱས་པར་མ་ཟད། ད་ལྟ་ལག་བསྟར་བྱེད་པའི་སྲོལ་ཡིག་གི་ནུས་ཡུན་ལོངས་རྗེས་དེ་མ་ཐག་ནུས་ལྡན་དུ་འགྱུར་སྲིད།
ཝུའུ་ཁི་ལན་གྱི་ཉམས་ཉེན་བྱུང་བའི་རྗེས་སུ། ནུས་ཁུངས་མཁོ་འདོན་ཛ་དྲག་ཡིན་པའི་ཤུགས་རྐྱེན་ལས་ཡོ་རོབ་གླིང་གི་ནུས་ཁུངས་རིན་གོང་ནམ་རྒྱུན་ཇེ་མཐོར་སོང་ཡོད།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་རང་བྱུང་སོལ་རླངས་ཀྱི་ཆེས་མཐོའི་རིན་གོང་གི་ཚད་གཏན་འཁེལ་བྱས་པ་དང་། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ལས་གཞིའི་མཆན་བཀོད་དང་བཀོད་སྒྲིག དེ་མིན་རང་བྱུང་སོལ་རླངས་ཀྱི་ཉོ་སྡུད་དང་མཁོ་འདོན་ལ་མཐུན་སྦྱོར་བྱེད་པ་སོགས་ཀྱི་བྲེལ་མྱུར་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ནུས་ཁུངས་ཉམས་ཉེན་ཐག་གཅོད་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།