དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ལི་ཅཱ་ཡིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་མཁར་གྱི་སྲིད་འཛིན་དང་དམག་དོན་གྱི་དབང་ཤུགས་གཙོ་བོར་ཚོད་འཛིན་བྱས་ཡོད་ཟེར།
ཧཱ་ཅཱ་ལི་ཡིས་བཤད་རྒྱུར། ཅཱ་ཧྲ་མཁར་དཀྱིལ་སྙིང་གི་ཕཱ་ལེ་སི་ཐན་ཐང་ཆེན་ཉེ་འདབས་ཀྱི་ས་ཁོངས་ནི་ཧཱ་མཱ་སིའི་སྲིད་འཛིན་དང་དམག་དོན་གྱི་དབང་ཤུགས་ལྟེ་གནས་ཡིན། དབྱི་སི་རལ་གྱིས་ཉེ་བའི་གཟའ་འཁོར་འགའི་ནང་ས་ཁོངས་དེར་བསྟུད་མར་དཔུང་འཇུག་བྱས་ཏེ། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་དྲུག་བརྒྱ་བསད་པར་མ་ཟད་ས་ཁོངས་དེར་ཚོད་འཛིན་བྱས་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་ས་ཁུལ་དེར་ས་འོག་ཕུག་ལམ་གྱི་དྲ་བ་ཆེན་པོ་ཞིག་རྙེད་ཡོད་པ་དང་། ཧཱ་མཱ་སིའི་དྲག་ཆས་མི་སྣའི་སྦས་སྐོང་བྱེད་ས་དང་གཞུང་སྒྲུབ་བྱེད་ས། རྩ་འཛུགས་དེའི་མཐོ་རིམ་མགོ་ཁྲིད་པའི་སྡོད་གནས་བཅས་ལ་སྦྲེལ་ཡོད་ཟེར།
དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་འཐབ་འཁྲུག་གནས་ཚུལ་སྙན་ཞུ་བྱས་ཏེ་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ངོས་ཀྱི་ཅེ་པཱ་ལེ་ཡེའི་དམིགས་འབེན་ལ་འཇབ་རྒོལ་བྱས་པར་མ་ཟད། འཐབ་འཁྲུག་ཁྱབ་ཁོངས་དེ་ཅཱ་ཧྲ་མཁར་གྱི་བྱང་ངོས་ཀྱི་ཏའེ་ལའེ་ཅི་དང་ཐུའུ་ཧྥ་ཧི་ས་ཁོངས་གཉིས་སུ་རྒྱ་བསྐྱེད་མགོ་བརྩམས་ཡོད། ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཧཱ་མཱ་སིའི་ཁོངས་མིའི་ཧན་ཡུག་ནེ་སི་རུ་ཡོད་པའི་སྡོད་གནས་ལ་གློ་བུར་དུ་འཇབ་རྒོལ་བྱས་ཟེར།
གཞན་ཡང་ཕཱ་ལེ་སི་ཐན་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེར་ཧན་ཡུག་ནེ་སི་དང་ལཱ་ཧྥ་སོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར།
ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཟླ་བཅུ་བའི་ཚེས་བདུན་ཉིན་ནས་བཟུང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གཉིས་ལྷག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཁྲི་ལྔ་དང་སྟོང་གཉིས་ལྷག་ལ་རྨས་ཕོག་ཡོད་ལ། མི་སྟོང་དྲུག་དང་བདུན་བརྒྱ་ལྷག་གར་སོང་རྙེད་མེད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་བཤད་རྒྱུར། སྐོར་ཐེངས་འདིའི་འཁྲུག་རྩོད་ལས་དབྱི་སི་རལ་གྱི་དམག་མི་བཞི་བརྒྱ་དང་དྲུག་ཅུ་ལྷག་འདུས་པའི་དབྱི་སི་རལ་གྱི་མི་སྟོང་གཅིག་དང་སུམ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།