ཁོང་གོ་ཅིན་རྒྱལ་ཁབ་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁཱ་ཏིས་མཱ་ཡིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། འདེམ་ཤོག་འཕེན་ས་སྐོར་ཞིག་སྒོ་འབྱེད་བྱེད་མ་ཐུབ་པ་སོགས་རྒྱུ་རྐྱེན་དབང་གིས་ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔའི་སྟེང་མཇུག་སྒྲིལ་བར་ཐག་བཅད་ཡོད་པའི་ཙུང་ཐུང་དང་གྲོས་ཁང་། ས་གནས་འདེམ་བསྐོ་བཅས་ཀྱི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་གཅིག་ཉིན་འདེམ་ཤོག་འཕེན་ས་དེ་དག་ནས་མུ་མཐུད་དུ་སྤེལ་རྒྱུ་རེད།
ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་འདེམ་ཤོག་འཕེན་པའི་བྱ་བ་དེ་ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་ནས་མགོ་བརྩམས་ཏེ་ཕྱི་དྲོའི་དུས་ཚོད་ལྔའི་སྟེང་མཇུག་སྒྲིལ་རྒྱུའི་འཆར་གཞི་ཡོད་ཀྱང་། འདེམ་བསྐོའི་སྒྲིག་ཆས་ལ་སྐྱོན་ཞུགས་པ་སོགས་གནས་ཚུལ་དབང་གིས་འདེམ་ཤོག་འཕེན་ས་མང་བོ་ཞིག་གི་འདེམ་ཤོག་འཕེན་པའི་འཕེལ་རིམ་ལ་བར་ཆད་བྱུང་ནས། འདེམ་དམངས་མང་བོས་དུས་ལྟར་འདེམ་ཤོག་འཕེན་ཐུབ་མེད་ལ། དེ་ལས་གཞན་འདེམ་ཤོག་འཕེན་ས་རེ་འགའ་སྒོ་འབྱེད་བྱས་མེད།
ཁཱ་ཏིས་མཱ་ཡིས་ཁྱབ་བསྒྲགས་བྱས་དོན། ཚེས་ཉི་ཤུ་ཉིན་སྒོ་འབྱེད་མ་བྱས་པའི་འདེམ་ཤོག་འཕེན་ས་དེ་དག་ཚེས་ཉེར་གཅིག་ཉིན་སྒོ་འབྱེད་བྱེད་རྒྱུ་ཡིན་པ་དང་། འདེམ་ཤོག་འཕངས་པའི་འདེམ་དམངས་དག་འདེམ་ཤོག་འཕེན་དུ་སོང་ཆོག་ཟེར། ཡིན་ཡང་བྱེ་བྲག་གི་ནང་དོན་མང་བོ་ཞིག་གསལ་བཤད་བྱས་མེད། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ངོ་རྒོལ་ཕྱོགས་ཁག་གི་ཙུང་ཐུང་འདེམ་སྒུག་མི་སྣ་མང་བོས་ཡང་བསྐྱར་འདེམ་ཤོག་འཕེན་དགོས་པའི་རེ་བ་བཏོན་ཡོད་ཟེར།
འདེམ་བསྐོའི་ཉིན་རིམ་ལྟར་ན། འདེམ་བསྐོའི་བྱ་འགུལ་གྱི་ཐོག་མའི་མཇུག་འབྲས་དེ་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ཁྱབ་བསྒྲགས་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།