ཐུར་ཁེ་ཡིས་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།
2023.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཉིན་དེའི་དགོང་མོར་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དམིགས་འབེན་བཅུ་བཞིར་གཏོར་བཤིག་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་མཁའ་དམག་གིས་དབྱི་རག་བྱང་ཕྱོགས་ཀྱི་ཅཱ་ལཱ་དང་ཧཱ་ཁུའུ་ཨར་ཁི། ཁན་ཏིས་ལེ་སོགས་ས་ཁུལ་གྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་འབྲེལ་བ་ཡོད་པའི་མཛོད་ཁང་དང་བཙན་རྫོང་། ཕུག་ལམ་སོགས་དམིགས་འབེན་བཞི་བཅུར་གཏོར་བཤིག་བཏང་ཡོད་ཟེར།

ད་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན། ཐུར་ཁེའི་ནང་སྲིད་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་སྒོ་ཆེན་ཁ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཐུར་ཁེའི་ཉེན་རྟོག་པ་གཉིས་ལ་རྨས་ཕོག་པ་དང་། འཇབ་རྒོལ་མཁན་གཉིས་ཀྱི་ཚེ་སྲོག་ཤོར། ཐུར་ཁེའི་ནང་སྲིད་སྡེ་ཁག་གིས་བསྟན་དོན། DNAལག་རྩལ་ལ་བརྟེན་ནས་འཇབ་རྒོལ་མཁན་དེ་གཉིས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ་ཡིན་པ་ངོས་འཛིན་བྱས་ཡོད། འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ཐུར་ཁེའི་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་དམིགས་འབེན་ལ་སྐོར་ཐེངས་མང་བོར་བར་སྣང་འཇབ་རྒོལ་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།