སྐབས་དྲུག་པའི་ཨ་རབ་དང་ཨུ་རུ་སིའི་མཉམ་ལས་གླེང་སྟེགས་མའོ་ལོ་ཀི་ནས་སྤེལ།
2023.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ12པའི་ཚེས20ཉིན། སྐབས་དྲུག་པའི་ཨ་རབ་དང་ཨུ་རུ་སིའི་མཉམ་ལས་གླེང་སྟེགས་མའོ་ལོ་ཀིའི་ལྷོ་ཕྱོགས་ཀྱི་མཱ་ལཱ་ཁཱ་ཧྲི་གྲོང་ཁྱེར་ནས་སྤེལ།

ཟླ12པའི་ཚེས20ཉིན། ཚོགས་ཞུགས་འཐུས་མིས་མའོ་ལོ་ཀིའི་ལྷོ་ཕྱོགས་ཀྱི་མཱ་ལཱ་ཁཱ་ཧྲི་གྲོང་ཁྱེར་ནས་སྤེལ་བའི་སྐབས་དྲུག་པའི་ཨ་རབ་དང་ཨུ་རུ་སིའི་མཉམ་ལས་གླེང་སྟེགས་སྟེང་མཉམ་པར་བླངས།

ཟླ12པའི་ཚེས20ཉིན། མའོ་ལོ་ཀིའི་ལྷོ་ཕྱོགས་ཀྱི་མཱ་ལཱ་ཁཱ་ཧྲི་གྲོང་ཁྱེར་ནས་སྤེལ་བའི་སྐབས་དྲུག་པའི་ཨ་རབ་དང་ཨུ་རུ་སིའི་མཉམ་ལས་གླེང་སྟེགས་ཀྱི་གྲོས་རིམ་གཙོ་བོ་མཇུག་སྒྲིལ་རྗེས། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་། མའོ་ལོ་ཀིའི་ཕྱི་འབྲེལ་བློན་ཆེན་པུའུ་ལི་ཏཱ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲ་ཅི་བཅས་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས།

སྐབས་དྲུག་པའི་ཨ་རབ་དང་ཨུ་རུ་སིའི་མཉམ་ལས་གླེང་སྟེགས་ཚེས་ཉི་ཤུ་ཉིན་མའོ་ལོ་ཀིའི་ལྷོ་ཕྱོགས་ཀྱི་མཱ་ལཱ་ཁཱ་ཧྲི་གྲོང་ཁྱེར་ནས་སྤེལ། དེ་ནི་གླེང་སྟེགས་དེ་ལོ་ངོ་བཞིའི་རྗེས་སུ་ཡང་བསྐྱར་སྤེལ་བ་རེད།

མའོ་ལོ་ཀིའི་ཕྱི་འབྲེལ་བློན་ཆེན་པུའུ་ལི་ཏཱ་དང་། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲ་ཅི་བཅས་དང་། དེ་མིན་ཨ་རབ་རྒྱལ་ཁབ་གཞན་པ་བཅོ་ལྔའི་ཕྱི་འབྲེལ་བློན་ཆེན་དང་པུའུ་ཀྲང་རིམ་པའི་འཐུས་མི་གླེང་སྟེགས་ལ་ཞུགས། ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་བརྙན་རིས་བརྒྱུད་དེ་གླེང་སྟེགས་ལ་ཞུགས།

ཚོགས་ཞུགས་འཐུས་མི་དག་གིས་གཙོ་བོ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་ཤིང་། མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་དང་མི་སེར་དཀྱུས་མའི་གཅིག་བསྡུས་ཀྱི་ཆད་གཅོད་མཚམས་འཇོག་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྒྱུ་ལམ་བཀག་མེད་ཡོང་བར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་ཐད་ནས་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པའི་རེ་བ་བཏོན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་རྒྱལ་སྤྱིའི་ཁས་ལེན་ཐོབ་པའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འབྲེལ་བའི་དུས་ཡུན་རིང་བོའི་གཏན་འཇགས་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། ཚོགས་ཞུགས་འཐུས་མི་དག་གིས་ད་རུང་ཨ་རབ་རྒྱལ་ཁབ་དང་ཨུ་རུ་སིའི་ཆབ་སྲིད་དང་དཔལ་འབྱོར་ཁྱབ་ཁོངས་སུ་མཉམ་ལས་སྤེལ་བའི་ཐད་གྲོས་བསྡུར་བྱས། པུའུ་ལི་ཏཱ་ཡིས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་དང་ཨུ་རུ་སི་ཡིས་མ་འོངས་པའི་ལོ་ངོ་གསུམ་གྱི་ནང་མཉམ་ལས་དམིགས་འབེན་དངོས་འབེབས་བྱེད་པའི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ཡོད་ལ། ཚོགས་ཞུགས་ཀྱི་ཨ་རབ་རྒྱལ་ཁབ་དག་གི་འཐུས་མིས་ཨུ་རུ་སིའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ནུས་ཁུངས་དང་ཚན་རིག་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་བོ་ཐོབ་པར་རེ་སྒུག་བྱས་ཡོད་ཟེར།

ཨ་རབ་དང་ཨུ་རུ་སིའི་མཉམ་ལས་གླེང་སྟེགས་ནི་ཉིས་སྟོང་དགུ་ལོར་སྤེལ་མགོག་བརྩམས་པ་དང་། དམིགས་ཡུལ་ནི་ཨུ་རུ་སི་དང་ཨ་རབ་རྒྱལ་ཁབ་དག་གིས་ཁྱབ་ཁོངས་སོ་སོ་ནས་ཕྱོགས་ཡོངས་ནས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ཆེད་རེད། པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ལས་གླེང་སྟེགས་དེ་ལོ་ངོ་བཞིའི་རིང་སྤེལ་མཚམས་བཞག་པ་རེད། སྐབས་རྗེས་མའི་ཨ་རབ་དང་ཨུ་རུ་སིའི་མཉམ་ལས་གླེང་སྟེགས་དེ་ཨུ་རུ་སི་ནས་སྤེལ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།